རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚསག་པར།
ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ།
ཟླ་3ཚེས་17དང་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཆན་ཏུང་ནན་ཀྲོའུ་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཟླ་3ཚེས་17དང་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཆན་ཏུང་ནན་ཀྲོའུ་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཤིན་ཐོན་རྔ་མཁར་དུ་གྲོང་ཚོའི་ལས་བྱེད་པ་དང་ཡུལ་མིའི་འཐུས་མི་ཚོ་དང་མེ་དོང་འཁྲིས་སུ་སྒོར་སྒོར་བྱས་ནས་བཞུགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་སྐོར་གླེང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། ཀུའེ་ཀྲོའུ་ཡིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ། ཡིད་ཆེས་བརྟན་གཏོང་དང་། དཀའ་སྤྱད་དངོས་སྒྲུབ། བརྟན་ཐོག་ཡར་འཕེལ། ལས་མཁས་སྒྲུབ་མཁས་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀུའེ་ཀྲོའུ་ཡི་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་3ཚེས་17དང་18ཉིན། ཞི་ཅིན་ཕིང་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ལིན་དང་ཧྲེང་ཀྲང་ལི་པིང་ཅུན་གྱི་ཕེབས་རོགས་འོག ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་དང་ཀུའེ་དབྱང་གྲོང་ཁྱེར་སོགས་སུ་རྟོག་ཞིབ་གནང་བར་སྔ་རྗེས་སུ་ཕེབས་པ་རེད།
ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཆན་ཏུང་ནན་ཀྲོའུ་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་ཤིང་། གྲོང་ཚོའི་སྒོ་ཁར་ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་གྲོང་མིས་ཏུང་རིགས་གཞས་ཆེན་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིར་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་ཏུང་རིགས་གཞས་ཆེན་གྱི་སྒྱུ་རྩལ་འབྱུང་ཁུངས་དང་། གཞས་གདངས་ཀྱི་ཁྱད་ཆོས། འཁྲབ་སྟོན་གྱི་རྣམ་པ་སོགས་ཐད་ཀྱི་ངོ་སྤྲོད་གསན་པ་རེད། དེ་རྗེས་གྲོང་ཚོའི་ནང་དུ་ཕེབས་ནས་ཏུང་རིགས་གྲོང་ཚོའི་རྣམ་པ་དང་ཡུལ་སྐོར་ཚོང་ཁང་ལ་གཟིགས་པ་མ་ཟད། ཕེབས་མཚམས་ཡང་ཡང་བཞག་ནས་ཚོང་ཁང་གི་སྦྱིན་བདག་དང་། ཡུལ་སྐོར་བ། གྲོང་མི་བཅས་དང་བཀའ་མོལ་ཡང་གནང་བ་རེད། ཏུང་རིགས་རིག་གནས་འགྲེམས་སྟོན་ལྟེ་གནས་སུ་ཁོང་གིས་ཏུང་རིགས་ཀྱི་ལོ་རྒྱུས་དང་། ཡུལ་སྲོལ་གོམས་གཤིས། རྒྱན་གོས། ཨར་སྐྲུན་སོགས་ཁྱད་ལྡན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཏུང་རིགས་ཀྱི་ཁྱད་ལྡན་ཐོན་ལས་རྟེན་གཞིར། ཁོང་གིས་ལཱ་ཚོས་བཟོ་རྩལ་གྱི་བཟོ་རིམ་ལ་གཟིགས་པ་དང་། ལཱ་ཚོས་མཉམ་ལས་ཁང་གིས་འཛད་སྤྱོད་པ་གོང་དུ་བཀུར་བ་དང་སྤུས་ཚད་ཨང་དང་པོར་འཇོག་པའི་ལས་གཉེར་འདུ་ཤེས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པས། གཟུགས་ལྡན་གྱི་གྲོང་ཚོ་དང་། གྲོང་མིའི་སྡོད་ཁང་། ཁྱད་ལྡན་བཟོ་སྐྲུན་སོགས་ཀྱི་རྣམ་པ་སྲུང་སྐྱོང་དང་གཟུགས་མེད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་དགོས་པ་མ་ཟད། དེའི་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་སྟེ། བེད་སྤྱོད་གཏོང་རིང་མི་རིགས་ཀྱི་ཁྱད་ཆོས་ནས་སྔར་བས་བཀྲག་མདངས་འཚེར་བ་དང་རྒྱུན་ཆད་མེད་པར་འོད་སྣང་གསར་པ་འཚེར་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཤིན་ཐོན་རྔ་མཁར་དུ། ཞི་ཅིན་ཕིང་གིས་གྲོང་ཚོའི་ལས་བྱེད་པ་དང་ཡུལ་མིའི་འཐུས་མི་དང་སྒོར་སྒོར་བྱས་ནས་བཞུགས་ཏེ་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་ཉེ་བའི་ལོ་ཤས་རིང་གྲོང་ཚོར་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་འཚང་ཁ་ཤིག་ཤིག་ངང་ཞུས་པ་རེད། ཞི་ཅིན་ཕིང་གིས། ཏུང་རིགས་གྲོང་ཚོར་སྲུང་སྐྱོང་ཡག་པོ་དེ་འདྲ་བྱུང་བ་དང་ཏུང་རིགས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། མང་ཚོགས་ཀྱི་བྱ་བ་ལེགས་པར་སྒྲུབ་པའི་འགག་རྩ་དེ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་ཡག་པོ་བྱ་རྒྱུར་ཐུག་ཡོད་ཅེས་བསྟན་གནང་བ་རེད།
རྔ་མཁར་ནས་ཞལ་གྱེས་སྐབས། ཡུལ་མི་ཚོས་མཐའ་ནས་བསྐོར་ཏེ་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབས་པ་དང་སྦྲགས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་ཏུང་རིགས་མི་དམངས་ནི་བབ་ཆགས་ཤིང་ལས་ལ་བརྩོན་པ་དང་། རིག་གནས་ལྡན་པ། བློ་གྲོས་ལྡན་པ་བཅས་རེད། ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གྲོང་གསེབ་སྔར་བས་དར་རྒྱས་གཏོང་རྒྱུའི་རེ་བ་ཡོད་ལ། ཚང་མའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཏུང་རིགས་གྲོང་ཚོ་ནས་ཞལ་གྱེས་སྐབས། ཏུང་རིགས་མང་ཚོགས་ཀྱིས་བརྩེ་བ་ཟབ་མོས《ཏུང་རིགས་ཀྱི་གླུ་དབྱངས་ཏང་ལ་འབུལ》ཞེས་པ་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་གུས་ཞུ་ལུགས་དང་བྲལ་མི་འདོད་པའི་བསམ་པ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་ཡང་ཡང་གནང་ནས་ཡུལ་མི་ཚོ་དང་ཞལ་གྱེས་པ་རེད།
ཚེས་18ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས། ཀུའེ་ཀྲོའུ་ཡི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱའང་བཏོན་གནང་བ་རེད།
ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཡིན། ཀུའེ་ཀྲོའུ་ཡིས་སེམས་ཐག་གཙང་བཅད་དང་འཚོལ་ཞིབ་བྱེད་ཕོད་པ་དང་། དངོས་ཚན་དཔལ་འབྱོར་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས། གསར་གཏོད་སྐུལ་སྤེལ་ལ་ཤུགས་སྣོན། སྒུལ་ཤུགས་གསར་རྙིང་བརྗེ་སྒྱུར་ལ་སྤྱི་འདོམས། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གསར་པ་སོགས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། མུ་མཐུད་ངེས་ཤུགས་ཆེན་པོ་དང་ངང་རྒྱུད་རིང་པོས་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འདོན་པ་དང་། གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར། མྱུར་ཚད་དང་ཕན་འབྲས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་ནས་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། འབད་བརྩོན་ཆེན་པོས་སྐྱེ་ཁམས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། ས་ཆ་ཞིག་གི་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་ཚོང་གཉེར་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད། དེས་ན་ཀུའེ་ཀྲོའུ་ཡིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པའི་ནང་མཉམ་ཞུགས་ཧུར་ཐག་བྱས་ཏེ། ས་གནས་ཀྱི་སྲུང་སྐྱོང་དང་། ཁྲོམ་ར་དབྱེ་འབྱེད། “ནང་རྨུག་རྣམ་པའི”འགྲན་རྩོད་བཅས་མཐའ་གཅིག་ཏུ་མེད་པ་བཟོས་ནས་སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ལ་བརྟན་ལྷིང་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁོར་ཡུག་སྐྲུན་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཕྱོགས་གཅིག་ནས་སྒྱུར་བཅོས་ལ་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འགག་གནད་དང་དཀའ་གནད་སེལ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལས་བྱེད་པའི་སློབ་གསོ་དོ་དམ་ལ་དམ་འཛིན་བྱས་ཏེ་ལས་བྱེད་པར་སྤྱི་ཡོངས་ཀྱི་འདུ་ཤེས་དང་། ཞབས་ཞུའི་འདུ་ཤེས། ཡིད་རྟོན་གྱི་འདུ་ཤེས། སྤྱོད་གཙང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། སྒོ་དབྱེ་ནི་ཚོང་གཉེར་གྱི་ཁོར་ཡུག་གལ་ཆེན་གཞན་ཞིག་ཀྱང་རེད། དེས་ན་ཀུའེ་ཀྲོའུ་ཡིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་གྱི་གོ་སྐབས་བེད་སྤྱོད་ཡག་པོ་བྱེད་པ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རམ་གྱི་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པའི་ཁྲོད་རང་འགུལ་ངང་མཉམ་འདྲེས་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཀུའེ་ཀྲོའུ་ཡིས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལས་རིགས་དར་རྒྱས་དང་། རྫོང་སྟོབས་ཆེན། མི་དམངས་འབྱོར་ཕྱུག་བཅས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་ལས་བགོས་རོགས་ལས་དང་། ཐབས་སྒྱུར་གོང་འཕེལ། ཕྲེང་བརྒྱུས་འབྲེལ་ཆགས་བཅས་ལ་སྣང་ཆེན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་དེང་རབས་རི་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཡུན་རིང་ལྡན་པའི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་དགོས། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་འཕེལ་རྒྱས་གཏོང་རིང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་གཅིག་གྱུར་ལྟ་ཞིབ་ཚད་ལེན་དང་རིགས་དབྱེ་རོགས་སྐྱོར་བྱེད་པའི་ལམ་སྲོལ་བཙུགས་ཏེ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། ཀུའེ་ཀྲོའུ་ཡི་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་པ་དང་གསར་བརྗེའི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་ལ། མི་རིགས་ཀྱི་རིག་གནས་ཀྱང་སྣ་མང་ཕུན་སུམ་ཚོགས་པོ་ཡོད། དེས་ན་ལེགས་ཆ་དེ་སྤྱད་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་སྤྱོད་བཟང་མི་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་དང་། སྲོལ་རྒྱུན་གྱི་གྲོང་ཚོ། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོ་དང་གྲགས་ཅན་གྲོང་རྡལ། གསར་བརྗེའི་དམག་འཁྲུག་དུས་སྐབས་སུ་བཞག་པའི་གསར་བརྗེའི་གནས་རྙིང་བཅས་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གོམས་སྲོལ་བསྒྱུར་ནས་ཤེས་དཔལ་ལྡན་པའི་སྲོལ་གསར་དར་སྤེལ་ཧུར་ཐག་གཏོང་དགོས། རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་སྟེ། “མཚར་སྡུག་ལྡན་པའི་ཀུའེ་ཀྲོའུ”ཡི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། དེ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གཙོ་གནད་ཅིག་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པའི་ངེས་ཤུགས་ཆེ་རུ་གཏོང་བ་དང་གོམས་གཤིས་བཟང་པོ་འཇགས་པར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། ལས་དོན་སྒྲུབ་པ། བྱ་གཞག་གསར་གཏོད་བཅས་བྱེད་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱེད་པ་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རུལ་སུངས་འབྱུང་སའི་ཁོར་ཡུག་དང་ཆ་རྐྱེན་མེད་པ་བཟོ་བར་རྒྱུན་དུ་དམ་འཛིན་བྱེད་དགོས། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་རྒྱང་ལམ་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་སྐྱོད་དགོས་ཞེས་བསྟན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
ཧོ་ལི་ཧྥེང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།