རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-26   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།
མི་མང་པོས་ཇ་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་དེ། མི་མང་ཆེ་བས་ཟ་མ་ཟས་རྗེས་ཇ་འཐུང་བའི་གོམས་གཤིས་ཆགས་ཡོད། འོ་ན་ཉིན་རེར་ཇ་འཐུང་ན་གཟུགས་པོར་ཤུགས་རྐྱེན་གང་དག་འབྱུང་སྲིད་དམ།
01 ཇ་བཏུང་ན་གཟུགས་པོར་ཕན་ཐོགས་གང་དག་ཡོད་དམ།
རིགས2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
ཞིབ་འཇུག་ལས་མངོན་པ་ལྟར་ན། གཅིན་པ་མངར་འགྱུར་གྱི་ནད་ཕོག་ཉེན་ཆེ་བའི་མིས་ཇ་བཏུང་ན། ཁྲག་མངར་ལ་ཚོད་འཛིན་དང་གཤེར་མའི་ཕུང་རྩིའི་ཚོར་སྐྱེན་རང་བཞིན་ཇེ་ལེགས་སུ་གཏོང་ཐུབ། གཅིན་པ་མངར་འགྱུར་གྱི་ནད་པས་ཇ་བཏུང་ན་ལྟོ་སྟོང་གི་ཁྲག་མངར་དང་མངར་འགྱུར་ཁྲག་དམར་སྤྲི་དཀར་གྱི་གར་ཚད་ཇེ་དམའ་རུ་གཏོང་ཐུབ། གཞན་ཡང་རིགས་རྒྱུད་ཀྱི་ཁྱད་པར་མེད་པར་ཇ་བཏུང་ན་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།
ཀྲུང་གོའི་མི་དར་མ་ཁྲི48ལ་ལོ11རིང་བཅར་འདྲི་བྱས་པའི་ཞིབ་འཇུག་ལས་མངོན་པར་གཞིགས་ན། འདས་ཟིན་པའི་ལོ་གཅིག་རིང་ཇ་རྩ་བ་ནས་འཐུང་མ་མྱོང་མཁན་དང་བསྡུར་ན། ཉིན་རྒྱུན་ཇ་འཐུང་མཁན་ལ་རིགས2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ8%ཉུང་དུ་ཕྱིན་ཡོད།
ཁྲག་ཤེད་མཐོ་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ།
ཀྲུང་གོའི་མི་དར་མ་ཁྲི7.6ལ་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། ཇ་བཏུང་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་། དེ་ལས་ཇ་ལྗང་བཏུང་ན་ཁྲག་ཤེད་མཐོ་བའི་ཉེན་ཁ6%ཇེ་ཆུང་དུ་གཏོང་ཐུབ། ཉིན་ལྟར་ཇ་འཐུང་གི་མེད་པ་དང་། ཐེངས་རེར་ཇ་མང་པོ་འཐུང་གི་མེད་ཀྱང་། རྒྱུན་འཁྱོངས་བྱས་ནས་བཏུང་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
དེ་ཡང་གྲུབ་ཆའི་ནང་དུ། ཇ་ལྗང་དུ་འདུས་པའི་ཇ་རྒྱུ་ཡིས་དབྱང་གཅིག་ཏན་རྫས་འབྱུང་བར་སྐུལ་འདེད་གཏོང་ཐུབ། དབྱང་གཅིག་ཏན་རྫས་ཀྱིས་ཁྲག་རྩ་རྒྱ་བསྐྱེད་ནས་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ། ཨེར་ཇ་རྒྱུ་ཡིས་ད་དུང་ཁྲག་རྩ་འཁུམས་པར་ཚོད་འཛིན་བྱེད་ཐུབ། མའེ་དེ་རིགས་ཀྱིས་ཁྲག་རྩ་གཤོང་བ་དང་ཁྲག་གི་ཤོང་ཚད་ཇེ་ཉུང་དུ་གཏོང་བས། ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ།
ཇ་དམར་བཏུང་ན་ཁྲག་ཤེད་མཐོ་བའི་ཉེན་ཁ26%ཇེ་དམའ་རུ་གཏོང་ཐུབ། དེའི་རྒྱུ་མཚན་གཙོ་བོ་ནི་ཇ་དམར་བཏུང་ན་འཁུམས་པ་དང་གཤོང་བའི་གནོན་ཤུགས་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ།
ཕྱོགས་གཅིག་ནས། ཇ་དམར་གྱི་ནང་དུ་ཇ་དམར་རྒྱུ་དང་ཇ་སེར་རྒྱུ་འདུས་པས། ཁྲག་རྩའི་སྦུག་གི་སྐྱི་པགས་ལ་རང་དབང་ཅིའི་ཡི་གནོད་སྐྱོན་མི་ཐེབས་པར་སྲུང་སྐྱོབ་ཐུབ་ཏེ། ཁྲག་རྩ་འཇམ་པོ་དང་ལྡེམ་ཤུགས་ལྡན་པར་གྱུར་ཏེ། ཁྲག་ཤེད་གཤོང་བའི་ནུས་པ་ཐོན་ཐུབ།
ཕྱོགས་གཞན་ཞིག་ནས། ཀལ་རྒྱུ་ལམ་འཁོན་ཐོགས་རྫས་ནི་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་རྫས་ཤིག་ཡིན་པས། ཇ་དམར་གྱི་འདུས་པའི་གྲུབ་ཆ་སྣ་ཚོགས་ཀྱིས་ཀལ་རྒྱུ་ལམ་འཁོན་ཐོགས་རྫས་ནང་བཞིན་གྱི་ནུས་པ་འདོན་ཐུབ།
02 ཇ་འཐུང་བའི་ཕན་ནུས་ཆེ་ཤོས་ཇི་ལྟར་འདོན་དགོས་སམ།
ཇ་ལོ་ནི་ཇི་ལྟར་ཉར་ཚགས་དང་སྦངས་ན་ད་གཟོད་ཇའི་ཕན་ནུས་ཆེ་ཤོས་འདོན་ཐུབ་ཞེ་ན།
ཁ་དམ་པོར་སྡོམ་པ་དང་འོད་ལས་གཡོལ་བ། དྲོད་ཚད་དམའ་པོར་ཉར་ཚགས་བྱེད་པ།
ཇ་ལོ་ནི་བརླན་བཤེར་དུ་འགྱུར་སླ་བ་དང་དྲི་མ་འདྲེས་སླ་བས། ཇ་སོས་པའི་ཇ་ཨེམ་སྐྱུར་ལ་བསླད་སྐྱོན་ཐེབས་སྲིད། གཞན་ཡང་། དབྱང་འགྱུར་འགོག་པའི་ཇ་ཏུའོ་ཧྥུན་ཡང་དབྱང་འགྱུར་གྱི་བསླད་སྐྱོན་འབྱུང་སླ་བ་དང་། དྲོད་ཚད་ཇི་ཙམ་མཐོ་ན་བསླད་སྐྱོན་ཕོག་ཚད་དེ་ཙམ་གྱིས་ཚབས་ཆེན་ཡིན།
ཇ་ལོ་ནི་ཁ་དམ་པོ་རྒྱག་པ་དང་འོད་ལས་གཡོལ་བ། དྲོད་ཚད་དམའ་པོར་ཉར་ཚགས་བྱེད་པ་དང་། དུས་ཡུན་ཐུང་ངུའི་ནང་མི་འཐུང་བའི་ཇ་ལོ་ནི་དབུགས་འཐེན་རྗེས་གྲང་བཟོ་བྱས་ནས་ཉར་ཚགས་བྱེད་དགོས།
ཇ་སྦོང་བའི་དྲོད་ཚད་འོས་འཚམ་དགོས།
སྤྱིར་བཏང་དུ་ཇ་ལྗང་ནི80℃ཡས་མས་ཀྱི་ཆུས་སྦོང་དགོས་པ་དང་། ཇ་ནག་དང་ཝུའུ་ལུང་ཇ་ནི་ཆུ་འཁོལ་ནང་སྦོང་དགོས། འདི་ལྟར་བྱས་ན་ཁོ་ཧྥེའི་དབྱིན་དང་། ཇ་ཏུའོ་ཧྥུན། ཇ་ཨན་སྐྱུར་སོགས་ཀྱི་གྲུབ་ཆ་སྙོམས་པར་ཞུ་ཐུབ་པས། ཇ་དེ་བས་ཞིམ་པོ་ཡོད།
ཇ་གྲང་བསངས་བཏང་རྗེས་བཏུང་དགོས།
རང་རྒྱལ་གྱི་ས་ཁུལ་ཁ་ཤས་སུ་ཇ་ཚ་པོར་འཐུང་བའི་སྲོལ་ཡོད་མོད། འོན་ཀྱང་བདེ་ཐང་གི་ངོས་ནས་བལྟས་ན། འཐུང་སྟངས་དེ་རིགས་ནི་དེ་འདྲ་འོས་འཚམ་ཞིག་མིན་ཏེ། དྲོད་ཚད་མཐོ་བའི་དབང་གིས་མིད་པར་གནོད་པ་གཏོང་བ་དང་མིད་པའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་སྒྲིག་གཞི་ཡིས(IARC)དྲོད་ཚད65℃ལས་བརྒལ་བའི་སྐོམ་ཆུ་ཚ་པོ་བཏུང་ན་འབྲས་སྐྲན་འབྱུང་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།
དེར་བརྟེན། ཆུ་འཁོལ་མའི་ནང་སྦངས་པའི་ཇ་དྲོད་འཇམ་ཆགས་རྗེས་བཏུང་ན་བཟང་།
ཇ་ཐེངས་མང་ཙམ་འཐུང་བ་དང་། ཇ་གར་པོ་ཉུང་ཙམ་འཐུང་དགོས།
ཇ་གར་པོ་ནང་དུ་ཁ་ཧྥེ་དབྱིན་མང་བས། སྐྱུག་མེར་ལངས་བ་དང་ཕོ་བ་ཚ་ཤར་ལངས་པ། སྙིང་འཕར་བ་སོགས་ཀྱི་གནད་དོན་འབྱུང་སྲིད་ལ། ཕྱི་དྲོའམ་དགོང་མོར་བཏུང་ན་གཉིད་ཆགས་པར་ཤུགས་རྐྱེན་ཐེབས་སྲིད་པས། ཇ་གར་པོ་ཉུང་ཙམ་འཐུང་དགོས།
གཞན་ཡང་། ཇ་གར་པོའི་ཁྲོད་ཀྱི་ཏན་ཉིང་སྐྱུར་གྱིས་ལྕགས་རྒྱུ་བསྡུ་བར་ཤུགས་རྐྱེན་ཐེབས་པས། ལྕགས་རྒྱུ་དཀོན་པོ་ཅན་གྱི་ཟུངས་ཁྲག་ཉམས་པའི་མིས་ཇ་གར་པོ་མ་འཐུང་ན་བཟང་།