རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-28   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་གནང་བའི་སྐོར་བཀོད་པ།
“སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས”
“ཏང་ཡོན་དང་ལས་བྱེད་པས་ངེས་ཤུགས་ཆེ་རུ་གཏོང་བ་དང་གོམས་གཤིས་འཇགས་པར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་བཟང་པོའི་ཐོག་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་དགོས”
“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་ནི་ལས་སླ་པོར་བསྐྲུན་པ་ཞིག་མིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་ཆུ་རགས་སྐོར་ཞིབ་ཉམས་བཟོ་དང་ས་སྣོན་བརྟན་གཏོང་རྒྱུན་ཆད་མེད་པར་བྱེད་དགོས”
ཏང་གི་སྤྱོད་ཚུལ་བཟང་བ་དང་མི་དམངས་བློ་སེམས་བདེ་པོ་བྱུང་ན་ཏང་དང་མི་དམངས་སྐྱིད་སྡུག་མཉམ་མྱོང་ཐུབ་པ་དང་། ང་ཚོའི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་ཐུབ།
ཏང་ཀྲུང་དབྱང་གིས་2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་གྲོལ་རྗེས་ནས་ཟླ་7པའི་བར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། འདི་ནི་ཏང་ཡོན་ལས་བྱེད་པའི་བསམ་བློའི་རིགས་པའི་གཞུང་ལུགས་ལ་ཡང་བསྐྱར་སློབ་གསོ་དང་ཡང་བསྐྱར་དྲག་ཆས་སྤྲོས་པ་ཞིག་དང་། སྒྲིག་ཁྲིམས་སྤྱོད་ཚུལ་ལ་ཡང་བསྐྱར་ལྟ་ཞིབ་བྱེད་པ་དང་ཡང་བསྐྱར་ལེགས་སུ་གཏོང་བ་ཞིག་རེད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བཀྲག་མདངས་འཚེར་བའི“གསེར་མདོག་མིང་བྱང”ཞིག་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་ཏེ་གོང་དཔེ་འོག་སྟོན་དང་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལོ་མང་རིང་བཀག་འགོག་ཐུབ་མེད་པའི་སྤྱོད་ཚུལ་ངན་པ་ཁག་གཅིག་བཀག་པ་དང་ཡུན་རིང་ཐག་གཅོད་ཐུབ་མེད་པའི་གཅོང་ནད་ཀྱི་གནད་དོན་མང་པོ་ཐག་གཅོད་བྱས་པས། ཏང་སྲོལ་སྲིད་སྲོལ་ལ་རྣམ་པ་གསར་པ་ཐོན་པ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་རེད། རྒྱུན་དུ་བསམ་གཞིག་དང་གོ་བ་ལེན་པ་དང་ཞིབ་བསྡུར་དང་ལག་བསྟར་ནན་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཚེ། རང་རེའི་ཏང་ལ་རྒྱུན་ཆད་མེད་པར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་ཐུབ་ངེས་རེད།
2024ལོའི་ལོ་མཇུག་ཏུ། པེ་ཅིང་ཀྲུང་ནན་ཧའེ་རུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཡོད། ཚོགས་འདུའི་གྲོས་རིམ་གལ་ཆེན་ཞིག་ནི་2024ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དེ་རེད།
འདི་ལས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་བརྡ་རྟགས་གསལ་པོ་བཏང་ཡོད་དེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་ནུས་པ་ལྡན་པའི་བཙན་ཞིང་ནན་པའི་སྒྲིག་ལམ་དང་ཚད་གཞི་ནན་པོ་ཞིག་ཡིན།
“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ལོ་ལྔ་དང་ལོ་བཅུའི་རིང་གོ་ཆོད་པ་ཞིག་མིན་པར་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་ཞིག་རེད”
“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་ལག་ལེན་བསྟར་བ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་ཡིད་རྟོན་དང་དབང་གྲགས་མཐོ་རུ་གཏོང་བའི་བྱ་ཐབས་ཤིག་ཡིན་པས་ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ལོ་བཅུས་མ་འདང་ན་ལོ་ཉི་ཤུ་དང་ལོ་ཉི་ཤུས་མ་འདང་ན་ལོ་སུམ་ཅུ་འབད་བརྩོན་བྱས་ནས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གོམས་སྲོལ་ངོ་མར་འགྱུར་བ་བྱེད་པ་དང་། ཏང་སྲོལ་བཟང་པོས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་ལ་སྣེ་ཁྲིད་ བྱེད་དགོས”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ནི་ཁ་བཤད་གནད་སྨིན་ཡིན་ཞིང་། འདི་ལས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི“ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པའི”གདིང་ཤུགས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་ཡོད།
ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་། འགག་རྩ་ནི་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐུག་ཡོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི“དོན་ཆུང”ཞིག་ཡིན་པ་འདྲ་མོད། འོན་ཀྱང་འདི་ལས་རང་ངོས་གསར་བརྗེའི་སྙིང་སྟོབས་མངོན་གྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདིའི་ཐད་ཀྱི་སྒྲིག་ལམ་བཟོ་བའི་མཛུབ་ཁྲིད་བསམ་བློ་ནི་བླང་བྱ་ནན་པོ་འདོན་པ་དང་། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོས་སྐྱོང་བ་མངོན་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་ཧུར་ཐག་སློག་པ། ཏང་སྲོལ་སྲིད་སྲོལ་དང་ཐ་ན་སྤྱི་ཚོགས་ཡོངས་ཀྱི་སྤྱོད་ཚུལ་ལ་ཕྱོགས་སྟོན་གྱི་ནུས་པ་འདོན་པ་བཅས་ཡིན”ཞེས་གསལ་པོ་གསུངས་ཡོད།
ཅ་ཁྲུན་ཧུང་ནི་ཧོ་པེ་ཞིང་ཆེན་ཧྥུའུ་ཕིང་རྫོང་གི་གོང་ཁེའི་མགྲོན་ཁང་ཞིག་གི་བཟའ་བཏུང་པུའི་ཅིང་ལི་ཡིན་ཞིང་། ཚལ་ཐོ་ཞིག་གིས་ཁོ་མོར་ད་བར་བག་ཆགས་ཟབ་མོ་བཞག་ཡོད།
ཚལ་ཐོའི“ཚ་ཚལ”ནང་བྱ་ཤ་བརྔོས་མ་དང་། ཧྥུའུ་ཕིང་གི་ཚལ་བཙོ་མ། ཤ་ཚིལ་འདྲེས་མའི་སྒོག་ཐུར་བརྔོས་མ། སྒོག་གཡོས་ཐུང་ཧའོ། ཏུང་ཀྭ་ཤ་རིལ་ཐང་བཅས་བྲིས་ཡོད་པ་དང་། བྲིས་པའི་དུས་ཚོད་ནི་2012ལོའི་ཟླ་12ཚེས་29ཉིན་རེད།
དེ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཕིང་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། དགོང་མོ་ཅ་ཁྲུན་ཧུང་ལས་ཀ་བྱེད་སའི་གོང་ཁེའི་མགྲོན་ཁང་དེར་ཞལ་ལག་མཆོད།
ཅ་ཁྲུན་ཧུང་གིས“སྐབས་དེ་དུས་ལས་དོན་པས་ད་དུང་ཆེད་མངགས་ཨ་རག་མི་དགོས་ཞེས་བརྗོད་ཀྱི་འདུག ཚལ་བཞི་དང་ཐང་གཅིག་འདི་དག་ནི་ས་གནས་དེ་གའི་རྒྱུན་གཏན་གྱི་ཚལ་རེད། སྒྲོག་ཙེ་གཅིག་ལ་མི་བཅུ་ཡོད་པ་དང་། ཚལ་གཙང་མ་མཆོད་ འདུག”ཅེས་བརྗོད།
རང་ངོས་ནས་འགོ་འཛུགས་པ་དང་རང་དཔེ་གཞན་སྟོན་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཐོག་མཐའ་བར་གསུམ་དུ་ལག་ལེན་ནན་པོ་བསྟར་ནས། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་རང་ངོས་གསར་བརྗེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།
ཕྱིར་སྐྱོད་སྐབས་མི་ཉུང་སྟབས་བསྡུས་བྱེད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་པེ་ཅིང་ནས་ཐོན་ཏེ་ཀོང་ཏུང་དུ་རྟོག་ཞིབ་ལ་ཐེངས་དང་པོ་ཕེབས་སྐབས་ལམ་མི་གཤོང་བ་དང་། ལམ་མི་འགོག་པ། ས་གདན་དམར་པོ་མི་འདིང་བར་མང་ཚོགས་ དང་ཐད་ཀར་འབྲེལ་གཏུག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཡོད།
ཞག་སྡོད་བཀོད་སྒྲིག་སྟབས་བདེ་བ། སི་ཁྲོན་ལུའུ་ཧྲན་ས་ཡོམ་གེགས་ཁུལ་དུ་གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། མཚན་གུང་བར་ཚོགས་འདུ་གཙོ་སྐྱོང་གནང་ནས་གནས་སྐབས་ཀྱི་སྟབས་བདེའི་ཁང་པར་ཞག་སྡོད་གནང་ཡོད།
ཞལ་ལག་སྤྱིར་བཏང་ཡིན་པ། ཧྲའན་ཤིས་བྱང་རྒྱུད་ཀྱི་ལེང་ཅཱ་ཧོ་རུ་ཡུལ་མི་ཚོ་དང་མཉམ་དུ་མཆོད་པ་ནི་བྲ་བོའི་ཐུག་པ་དང་། སྣུམ་བག འབྲས་ཐུག་ལ་སོགས་རེད།
བྱ་སྤྱོད་བཀའ་རྒྱ་དང་དཔེ་སྟོན་མེ་ལོང་དུ་གྱུར་པ། དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཚུལ་མིན་གྱི་བྱ་སྤྱོད་ལ་གཏུག་པའི་བྱེད་ཐབས་དངོས་དང་ནན་པོ་རབ་དང་རིམ་པ་ཡང་ཡང་བཏོན་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་པའི་བྱ་ཐབས་རེ་རེར་ཕན་འབྲས་སྔར་ན་མེད་པ་ཐོན་ཡོད།
2025ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའོ་ཉིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་ནས་སླར་ཡང་ཀུ་ཤུའི་གཏམ་རྒྱུད་གསུངས་ཡོད།
ལེའོ་ཧྲེན་གཡུལ་འགྱེད་སྐབས་ཅིན་ཀྲོའུ་རི་གྲོང་གི་ཀུ་ཤུ་སྨིན་ཡོད། དཔུང་སྐྱོད་ལམ་དུ་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་བཀྲེས་ལྟོགས་ཀྱིས་མནར་ཡང་ཀུ་ཤུ་གཅིག་ཀྱང་བཏོགས་མེད། བློ་མཐུན་མའོ་ཙེ་ཏུང་གིས“ཟས་མེད་ན་ཧ་ཅང་བླ་ན་མེད་པ་ཞིག་དང་། བཟས་ན་ཧ་ཅང་ཐ་ཤལ་རེད། གང་ལགས་ཤེ་ན། དེ་ནི་མི་དམངས་ཀྱི་ཀུ་ཤུ་ཡིན་པས་རེད”ཅེས་གསུངས་ཡོད།
2022ལོའི་སྟོན་ཁར། ལེའོ་ཧྲན་གཡུལ་འགྱེད་དྲན་གསོ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་རྒྱུད་འདི་གསུངས་རྗེས“ཀུ་ཤུ་དེ་འདྲ་བ་ང་ཚོས་ད་ལྟའང་ཟ་མི་རུང”ཞེས་ཐུགས་བཟང་ཚིག་ནན་ངང་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུན་རིང་ལག་ལེན་བྱས་པར་བལྟས་ན། སྤྱོད་ཚུལ་འཛུགས་སྐྱོང་ལ་འགོ་འཛུགས་ས་མ་གཏོགས་མཇུག་བསྡུ་མཚམས་མེད། དེ་ནི་ཡུན་གནས་ཀྱི་བརྗོད་གཞི་ཞིག་ཡིན”ཞེས་གསུངས་ཡོད།
ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པ་ནི། དུས་རབས་གསར་པ་ཤར་ཚུན། སྐབས་རིམ་བྱུང་གི་ཏང་ནང་ཁུལ་གྱི་མཉམ་སྡེབ་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ཞིག་རེད། ད་ཆ་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ་དེ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་སྲུང་ནུས་ལྡན་ཞིག་བཅས་ཡིན།
རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཇི་ཙམ་སྤྲོས་ཐུབ་ན་ལག་ལེན་གྱི་བྱ་སྤྱོད་དེ་ཙམ་གྱིས་རང་རྟོགས་སུ་གྱུར་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་དངོས་སུ་བསྒྲུབས་ནས་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་ཀྱིས་སྐབས་འཕྲལ་གྱི་བཅོས་ཐབས་སྤྱད་དེ་སྨན་ཤུགས་ཆེ་རུ་བཏང་ནས་ནད་གཞི་བཅོས་པ་ལྟར་ཁྲིམས་གཞུང་ནན་པོ་སྤྱད་ནས་ཟང་ཟིང་བཅོས་སྒྲིག་བྱེད་དགོས་པ་མ་ཟད། རྩ་བ་ནས་བཅོས་སྒྲིག་བྱས་ཏེ་གཞུང་དྲང་བློ་སྦྱོང་དང་རིག་གནས་གསོ་འཁྱོངས་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་ཕུགས་ཕན་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གོམས་སྲོལ་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
གོང་རིམ་གྱི་བླང་བྱ་མང་པོ་ལག་བསྟར་དོན་འཁྱོལ་བྱེད་མཁན་ནི་གཞི་རིམ་གྱི་ལས་དོན་པ་རེད། དེ་གོང་། ཅང་ཤིས་ཞིང་ཆེན་ཏེ་ཨན་རྫོང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13གྱིས་འགན་ཁུར་བའི་ལས་ཀའི་དོན་ཚན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་བརྒྱུད། ཤང་དང་གྲོང་རྡལ་ཚང་མས་འགན་ཁུར་བའི་དོན་ཚན་སྣ་ཚོགས་ཁག་1100ལྷག་ཙམ་ཟིན་པ་ཤེས་རྟོགས་བྱུང་ཡོད།
ན་ནིང་ཟླ་8པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》བཀྲམ་སྟེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལམ་ལུགས་དང་ཚད་གཞི་ཐོག་མར་བཟོས་ནས་བཀྲམ་པ་རེད།
ཏེ་ཨན་རྫོང་གིས་དེ་མ་ཉིད་དུ་ཤང་དང་གྲོང་རྡལ་གྱི་ལས་སྒྲུབ་དོན་ཚན་གསལ་ཐོའི་སྒྲིག་ཁོངས་ལས་དོན་སྤེལ་ཞིང་། མིག་སྔར། ཤང་དང་གྲོང་རྡལ་གྱི་གཞི་རྩའི་ལས་སྒྲུབ་དོན་ཚན་གསལ་ཐོ་ཆ་སྙོམས་བྱས་ན་ཁག་116ཡོད་པ་དང་། ལས་སྒྲུབ་ལ་གཞོགས་འདེགས་བྱེད་པའི་དོན་ཚན་གྱི་གསལ་ཐོ་ཆ་སྙོམས་བྱས་ན་ཁག་71ཡོད། ས་གནས་དེ་གའི་ལས་བྱེད་པས། གཏན་འབེབས་དེ་དག་བཀྲམ་རྗེས་གོང་རིམ་སྡེ་ཚན་གྱིས་གཞི་རིམ་ལ་ལས་འགན་གང་བྱུང་སྤྲོད་པའི་གནས་ཚུལ་ཡང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་སོང་ཞེས་བརྗོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་མང་པོར་ཅའོ་ཡུས་ལུའུ་དང་། ཀུའུ་ཝུན་ཁྲང་། དབྱང་ཧྲེན་ཀྲོའུ་སོགས་ཀྱི་མཛད་རྗེས་སྐོར་གསུངས་ཤིང་། ཁོང་ཚོའི་ལུས་ཐོག་ནས་འཕྲོ་བའི་ཏང་གཤིས་ཀྱི་འོད་སྟོང་ལས་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བསླངས་ཡོད།
སྒྲིག་བཀུར་ཁྲིམས་སྲུང་བྱས་ན་གཞི་ནས་བློ་རྒྱ་ཆེན་པོས་ལས་ཀ་སྒྲུབ་ཐུབ་པ་དང་། སྤྱོད་གཙང་ལས་སྒྲུབ་བྱས་ན་གཞི་ནས་བར་མཐོངས་ཡངས་པོ་ཡོང་སྲིད། ལས་བྱེད་པས་བྱེད་ཕོད་པ་དང་། ས་གནས་ཀྱིས་མཆོང་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་ཕོད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ས་གནས་ཁག་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་དུ་སྐྱོད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་མངོན་བཞིན་ཡོད།
2022ལོའི་ཟླ་2པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་། ད་ལོའི་ཟླ་དང་པོར། ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)བཟོ་རྒྱུ་ཡིན་པ་བཏོན་ཡོད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གོམས་སྲོལ་དུ་འགྱུར་བར་སྐུལ་འདེད་གཏོང་བར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་རིག་གནས་སྔོག་འདོན་བྱེད་པ། ཡ་རབས་སྲོལ་གསར་དར་སྤེལ་གཏོང་བ་བཅས་བྱས་ནས། སྤྱོད་ཚུལ་བཟང་པོའི་རིག་གནས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
མིག་སྔར། རང་རྒྱལ་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་བབ་ཏུ་གནས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ཡུན་རིང་ནུས་ལྡན་གྱི་གཏན་འབེབས་ནན་པོ་ཞིག་དང་འགྱུར་མེད་ཀྱི་གཏན་འབེབས་སུ་བརྩི་བ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བཅས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།