སྤྱི་ལོ2025ལོའི་ཟླ4ཚེས2ཉིན། གཟའ་ལྷག་པ།

ཇི་ཙམ་ཟ་བ་དང་ཇི་ལྟར་བཟས་ན་དེ་བས་བདེ་ཐང་ཡོང་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-03-28   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

ཞིང་ལས་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱིས་ཟླ་3ཚེས་17ཉིན《ཀྲུང་གོའི་ཟས་རིགས་དང་འཚོ་བཅུད་གོང་འཕེལ་རྩ་གནད(2025—2030ལོ)》ཞེས་པ་འགྲེམ་སྤེལ་བྱས་ཡོད། 《རྩ་གནད》ནང་འཚོ་བཅུད་རང་བཞིན་གྱི་ཞིང་ལས་ཐོན་སྐྱེད་དང་ཟས་རིགས་ལས་སྣོན། ཟས་རིགས་འཛད་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས། སྔར་བས་དོ་སྙོམས་དང་བདེ་ཐང་གི་བཟའ་བཅའི་འཚོ་བཅུད་གྲུབ་ཚུལ་ཆགས་པ་བྱེད་དགོས་ཞེས་བཏོན་ཡོད།

2030ལོར་སླེབས་སྐབས་སྣེ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་རྒྱུ།

《རྩ་གནད》ནང་སྤུས་ལེགས་སྤྲི་དཀར་རྫས་འདུས་པའི་ཟས་རིགས་འདོན་སྤྲོད་དང་འཛད་སྤྱོད་བྱེད་ཚད་མང་དུ་གཏོང་བ་དང་། བཟའ་བཅའི་ཚི་སྣ་འདུས་ཚད་མང་པའི་ཟས་རིགས་འདོན་སྤྲོད་དང་འཛད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། འཚོ་བཅུད་རང་བཞིན་གྱི་ཟས་རིགས་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་སོགས་ཀྱི་གཙོ་གནད་ལས་འགན་6སྤེལ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་ཤིང་། རང་རྒྱལ་གྱི་ཟས་རིགས་འདོན་སྤྲོད་གྲངས་འབོར་གྱི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག  ཟས་རིགས་ཀྱི་སྤུས་ཀ་དང་འཚོ་བཅུད་བདེ་འཇགས་ལ་སྔར་བས་མཐོང་ཆེན་བྱས་ནས། འབྲུ་རིགས་ནས་སྔོ་ཚལ་དང་། ཤིང་ཏོག བྱ་རིགས། ཤ།  ཆུ་ཐོན་དངོས་རྫས། འོ་མའི་རིགས་སོགས་ཟས་རིགས་ཆེན་པོ་གཞན་པའི་ཕྱོགས་སུ་རྒྱ་སྐྱེད་གཏོང་དགོས་ཞེས་བཏོན་ཡོད།

ཞིང་ལས་གྲོང་གསེབ་པུའུ་ཡི་ཟས་རིགས་དང་འཚོ་བཅུད་གོང་འཕེལ་ཞིབ་འཇུག་ཁང་གི་འགོ་འཛིན་ཝང་ཧྥེང་ཀྲུང་གིས། གོང་འཕེལ་གསར་པའི་དུས་སྐབས་སུ། དེང་རབས་ཀྱི་ཟས་རིགས་ཐོན་སྐྱེད་དང་སྤྱི་ཚོགས་ཀྱི་དགོས་མཁོ། དེ་བཞིན་འཚོ་བཅུད་གྲུབ་ཚུལ་བཅས་དམ་པོར་འབྲེལ་དགོས་ཤིང་། འཚོ་བཅུད་ཀྱིས་འཛད་སྤྱོད་ལ་སྣེ་ཁྲིད་དང་འཛད་སྤྱོད་ཀྱིས་ཐོན་སྐྱེད་ལ་སྐུལ་ཁྲིད་བྱེད་པའི་དེང་རབས་ཀྱི་ཟས་རིགས་དམིགས་འབེན་ཕྲེང་སྦྲེལ་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། མི་རྣམས་ཀྱིས་ཟས་རིགས་ལ་འདོན་པའི་རེ་བ་ཡང་འཚོ་བཅུད་ལྡན་ཞིང་བྲོ་བ་ཞིམ་པ། བདེ་ཐང་དང་སྟབས་བདེ་བ་བཅས་ལ་གོང་འཕེལ་ཕྱིན་ཡོད་ཅེས་བརྗོད།

《རྩ་གནད》ནང་། གྲོང་གསེབ་དང་མཐའ་མཚམས་ཐག་རིང་ས་ཁུལ་གྱི་གྲོང་མིའི་འཚོ་བཅུད་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། སྦྲུམ་མ་དང་བང་གཞུག་བུད་མེད། བྱིས་པ། རྒན་རྒོན་སོགས་དམིགས་བསལ་མི་ཚོགས་ལ་འཚོ་བཅུད་འདོན་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། 2030ལོར་སླེབས་སྐབས་སྣེ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་སྔར་བས་འཐུས་ཚང་དང་། ཟས་རིགས་སྤུས་ལེགས་ཅན་དང་ཁྱད་ལྡན་ཅན། གྲགས་ཅན་ཚོང་རྟགས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཟས་རིགས་འཛད་སྤྱོད་གྲུབ་ཚུལ་དེ་འཚོ་བཅུད་བདེ་ཐང་རང་བཞིན་གྱི་ཕྱོགས་སུ་བསྒྱུར་དགོས་ཞེས་བཏོན་ཡོད།

ཞིང་ལས་གྲོང་གསེབ་པུའུ་ཡི་ཟས་རིགས་དང་འཚོ་བཅུད་གོང་འཕེལ་ཞིབ་འཇུག་ཁང་གི་འགོ་འཛིན་ཝང་ཧྥེང་ཀྲུང་གིས། དེ་བས་རང་གཤིས་ཅན་དང་སྣེ་མང་ཅན་གྱི་འཚོ་བཅུད་དགོས་མཁོ་སྐོང་རྒྱུ་དེ་མ་འོངས་པར་ཟས་རིགས་གོང་འཕེལ་གཏོང་བའི་དམིགས་ཡུལ་དུ་གྱུར་ཡོད། རྒན་རྒོན་ཅན་གྱི་དུས་རབས་སླེབས་པ་དང་བསྟུན་ནས། རྒན་རྒན་གྱི་ཟས་རིགས་དེ་ངེས་མཁོར་གྱུར་བ་དང་། དལ་བའི་ནད་རིགས་ཡོད་པའི་མི་ཚོགས་འབོར་ཆེན་གྱི“མཐོ་བ་གསུམ”དམའ་རུ་གཏོང་བའི་ཐད་བདེ་ཐང་ཟས་རིགས་ཀྱིས་ནུས་པ་ཆེན་པོ་འདོན་ཐུབ་ཅིང་། མ་འོངས་པར་ཟས་རིགས་གསར་གཏོད་བྱེད་པའི་རྩ་བའི་ཐབས་ལམ་ནི་སྔར་བཞིན་ཚན་རྩལ་ལ་བརྟེན་དགོས་ཞེས་བརྗོད།

以下视频来源于央视一套,时长01:15

འོ་ན་ཡང་སྙིང་ཅི་ཞིག་ཟ་དགོས་པ་དང་ཇི་ལྟར་བཟས་ན། ད་གཟོད་དེ་བས་འཚོ་བཅུད་ལྡན་པ་དང་དེ་བས་བདེ་ཐང་ཡོང་ཐུབ་ཅེ་ན།《རྩ་གནད》ནང་། བཟའ་བཅའི་འཛད་སྤྱོད་ཐད། སྲན་མའི་རིགས་དང་། ཤ་སྒོང་། འོ་མ། ཆུ་ཐོན་དངོས་རྫས། སྔོ་ཚལ། ཤིང་ཏོག་སོགས་སྤུས་ལེགས་སྤྲི་དཀར་རྫས་དང་བཟའ་བཅའི་ཚི་སྣ་ཕུན་ཚོགས་འདུས་པའི་ཟས་རིགས་ཐད་མི་རེའི་ཆ་སྙོམས་ཀྱི་ལོ་རེའི་འཛད་སྤྱོད་བྱེད་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ཟས་རིགས་དང་འཚོ་བཅུད་བསྡུ་ལེན་བྱེད་པའི་ཐད། མི་རེས་ཆ་སྙོམས་ཉིན་རེར་ནུས་ཚད་བསྡུ་ལེན་བྱེད་ཚད་དེ་སྐྱེས་པ་ཡིན་ན་སྟོང་ཁྰ་2150དང་བུད་མེད་ཡིན་ན་སྟོང་ཁྰ་1700ཡས་མས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཉིན་རེར་སྤྲི་དཀར་རྫས་འདང་ངེས་བསྡུ་ལེན་བྱེད་དགོས་ཏེ། མི་རེས་ཆ་སྙོམས་ཉིན་རེར་སྤུས་ལེགས་སྤྲི་དཀར་རྫས་བསྡུ་ལེན་བྱེད་ཚད་50%ཡན་ཟིན་པ་བྱ་རྒྱུ། མི་རེས་ཆ་སྙོམས་ཉིན་རེར་བཟའ་བཅའི་ཚི་སྣ་བསྡུ་ལེན་བྱེད་ཚད་དེ་ཁེ་25-30བར་མང་དུ་གཏོང་རྒྱུ། བཟའ་སྣུམ་བསྡུ་ལེན་བྱེད་ཚད་དེ་ཁེ་25-30བར་ཉུང་དུ་གཏོང་རྒྱུ། ཚྭ་དང་མངར་ཆ་བསྡུ་ལེན་བྱེད་ཚད་དེ་ཁག་སོ་སོར་ཁེ་5དང་ཁེ་25ལས་མི་བརྒལ་བ་བྱ་རྒྱུ་བཅས་དར་སྤེལ་གཏོང་དགོས་ཞེས་བཏོན་ཡོད།

ཞིང་ལས་གྲོང་གསེབ་པུའི་བཟའ་བཅའ་དང་འཚོ་བཅུད་གོང་འཕེལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཏུང་དབྱང་གིས། ཚང་མས་ཟས་རིགས་ཉོ་སྐབས། ཟས་རིགས་ཀྱི་མིང་བྱང་ལ་ཞིབ་ཏུ་བལྟ་དགོས་པ་དང་། ཁྱིམ་ཚང་ནང་གཡོས་སྦྱོར་བྱེད་སྐབས། ཚྭ་ཁེམ་དང་སྣུམ་དེམ་སོགས་ཀྱི་ཡོ་བྱད་སྤྱད་ནས་ཚད་བཟོ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་འཚོ་བཅུད་བདེ་ཐང་གི་ཟས་ཐོ་དང་ཟས་རིགས་སྡེབ་སྦྱོར་ལག་རྩལ་གསར་སྤེལ་བེད་སྤྱོད་བྱེད་པ་དང་། འཚོ་བཅུད་ལྡན་ཞིང་བདེ་ཐང་གི་ཟ་ཁང་འཛུགས་སྐྲུན་བྱེད་པ། འཚོ་བཅུད་ལྡན་ཞིང་བདེ་ཐང་གི་བཟའ་བཏུང་ཚོང་ཁང་སྐྲུན་རྒྱུར་སྐུལ་མ་གཏོང་བ། གཡོས་སྦྱོར་ཁང་ཨ་མ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ། རིག་ནུས་ཉར་གསོག་དང་རིག་ནུས་གཡོས་སྦྱོར་ཁྱབ་སྤེལ་དང་བཀོལ་སྤྱོད་བྱེད་པ། ཁྱིམ་སྤྱོད་བདེ་ཐང་ཐབ་ཆས་ཁྱབ་གདལ་བཏང་སྟེ་འབྱུང་རྩ་ནས་སྣུམ་མང་བ་དང་ཚྭ་མང་བ། ཀ་ར་འདུས་ཚད་མཐོ་བ་བཅས་ཀྱི་ཟས་རིགས་ཉུང་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།