རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-05   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན།
སོ་རིག་དུས་དེབ་གྲགས་ཅན་ལིའུ་ཡེ་ཏའོ་ཡི་གཞི་གྲངས་ལྟར་ན། འཛམ་གླིང་ཐོག་ལོ་རེར་བཟའ་བཏུང་གོམས་གཤིས་མ་འགྲིག་པས་ཚེ་ལས་འདས་པའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་ལ་ཟིན།
དེ་རིང་ང་ཚོས་བདེ་ཐང་ལ་གནོད་པའི་བཟའ་བཏུང་གོམས་གཤིས་ངན་པ་བཅུའི་སྐོར་བཤད། གོམས་གཤིས་ངན་པ་ལ་ལ་ཐ་མག་འཐེན་པ་ལས་གནོད་པ་ཆེ།
དང་པོ། ཞོགས་ཟས་མི་ཟ་བ།
ཀྲུང་གོའི་སྡོད་དམངས་ཀྱི་ཞོགས་ཟས་བཟའ་བཏུང་གནས་ཚུལ་རྟོག་ཞིབ་སྙན་ཞུ་ལས། རྟོག་ཞིབ་བྱ་ཡུལ་ནང་མི་བརྒྱ་ཆའི་སོ་ལྔས་ཉིན་ལྟར་ཞོགས་ཟས་ཟ་ཐུབ་བཞིན་མེད། དེ་མ་ཟད་མི་ལ་ལས་ཞོགས་ཟས་མི་ཟ་བར་ཚོ་བྱང་ཐབས་བྱེད། ཡིན་ཡང་དེས་ཚོ་བྱང་བར་ཕན་ཐོགས་གང་ཡང་མེད་པ་མ་ཟད་བདེ་ཐང་ལ་གནོད་པ་ཚབས་ཆེ་ཡོད།
ཟས་རིགས་བྱེད་ནུས་ཞེས་པའི་དུས་དེབ་ཐོག་འགྲེམ་སྤེལ་བྱས་པའི་ཞིབ་འཇུག་ལ་གཞིགས་ན། རྒྱུན་དུ་ཞོགས་ཟས་ཟ་མཁན་དང་བསྡུར་ན། ཞོགས་ཟས་མི་ཟ་མཁན་དེ་རྒྱུ་མཚན་གང་རུང་གིས་ཤི་ཤོར་བ་དང་། སྙིང་ཁྲག་ནད་གཞི་དང་སྐྲན་ནད་ན་ནས་ཤི་བའི་ཉེན་ཁ་ཆེ།
དེ་མིན། ༢༠༢༣ལོའི་རྒྱལ་སྤྱིའི་འགོ་ནད་རིག་པའི་དུས་དེབ་ཀྱི་ཞིབ་འཇུག་ལས། ཆུ་ཚོད་བརྒྱད་པའི་སྔོན་དུ་ཞོགས་ཟས་ཟ་མཁན་དང་བསྡུར་ན། ཆུ་ཚོད་དགུའི་རྗེས་ཞོགས་ཟས་ཟ་མཁན་ལ་གཅིན་སྙི་ནད་རིགས་གཉིས་པ་ན་བའི་ཉེན་ཁ་བརྒྱ་ཆའི་ང་དགུ་ཇེ་མཐོར་རེད། ཞོགས་ཟས་ཟ་བའི་དུས་ཚོད་ཡག་ཤོས་ནི་ཆུ་ཚོད་བདུན་པ་ནས་བརྒྱད་པའི་བར་རེད།
གཉིས་པ། ཟ་མ་ཟ་རྒྱུ་མགྱོགས་ཆེ་བ།
ཧྥུའུ་ཏན་སློབ་ཆེན་གྱིས་༢༠༢༤ལོར་nature་ཞེས་པའི་ཡན་ལག་དུས་དེབ་འཚོ་བཅུད་དང་གཅིན་སྙི་ནད་(Nutrition & Diabetes)ཐོག་འགྲེམ་སྤེལ་བྱས་པའི་ཞིབ་འཇུག་ལས། སྐར་མ་ལྔའི་ནང་ཞོགས་ཟས་ཟ་ཚར་མཁན་ལ་མཆིན་པའི་ཞག་འགག་ཕོག་པའི་ཉེན་ཁ་བརྒྱ་ཆའི་གྱ་གཅིག་ཇེ་མཐོར་རེད། ཟ་མ་ཟ་རྒྱུ་མགྱོགས་ཆེ་ན་ཕོ་བ་རྒྱག་པའི་སྣང་བ་ཕྱིར་འགྱངས་བྱས་ནས་ཟ་རྒྱུ་མང་དྲགས་པས། སྐེད་པ་དང་ནང་ཁྲོལ་གྱི་ཞག་འགག་རྒྱ་ཁྱོན་མངོན་གསལ་གྱིས་ཇེ་ཆེར་གཏོང་རེད།
ཀྲུང་གོའི་སྡོད་དམངས་བཟའ་བཏུང་མཛུབ་སྟོན་ལས། ཞོགས་ཟས་ཟ་བའི་དུས་ཚོད་སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་ཡིན་པ་དང་། གུང་ཚིགས་དང་དགོང་ཟས་ཟ་བའི་དུས་ཚོད་སྐར་མ་ཉི་ཤུ་ནས་ཆུ་ཚོད་ཕྱེད་ཀའི་བར་ཡིན་ན་བཟང་ཟེར།
གསུམ་པ། དགོང་ཟས་ཟ་རྒྱུ་ཕྱི་དྲགས་པ།
༢༠༢༡ལོའི་འཚོ་བཅུད་རྒྱུ་(Nutrients)ཞེས་པའི་དུས་དེབ་ཐོག་ཞིབ་འཇུག་རྩོམ་ཡིག་ཅིག་བཀོད་ཡོད། དེས་འཇར་པན་དུ་ལོ་བཞི་བཅུ་ནས་དོན་དགུ་བར་གྱི་མི་ཚོགས་ཁྲི་བདུན་གྱི་དགོང་ཟས་ཟ་བའི་གོམས་གཤིས་ལ་དབྱེ་ཞིབ་བྱས་ཡོད། མཐར་དགོང་ཟས་ཟ་རྒྱུ་ཚད་ལྡན་མིན་པ། ལྷག་པར་དུ་ཆུ་ཚོད་བརྒྱད་ལས་འགྱངས་པའམ་ཡང་ན་དུས་ཚོད་གཏན་ཁེལ་མིན་པའི་མི་ཚོགས་ལ། ཀླད་ཁྲག་ཤོར་བའི་ཉེན་ཁ་བརྒྱ་ཆའི་ཞེ་བཞི་ཇེ་མཐོར་རེད།
དགོང་མོར་ཟས་འཇུ་བྱེད་ནུས་ཞན་པ་དང་། ཞག་འགག་གསོག་འཇུག་སླ་བས། ནང་ཁྲོལ་གྱི་ཞག་འགག་མང་དྲགས་པ་དང་ཤ་རྒྱགས་པ་ཆགས་འཇུག་སྲིད། ཟ་རྒྱུ་ཕྱིར་དྲགས་ན་ཟས་འཇུ་བྱེད་ནུས་ཀྱི་ཁུར་པོ་ཇེ་ལྗིད་བཏང་བ་མ་ཟད། གཉིད་ཁུག་པར་གནོད་པ་བཟོ་སྲིད། ཀྲུང་གོའི་འཚོ་བཅུད་སློབ་ཚོགས་ཀྱིས་དགོང་ཟས་ཟ་བའི་དུས་ཚོད་ཡག་ཤོས་ནི་དགོང་མོའི་ཆུ་ཚོད་དྲུག་པ་ནས་བརྒྱད་པའི་བར་ཡིན་ཟེར།
བཞི་པ། རྔམ་ཟ་རྔམ་འཐུང་།
རྔམ་ཟ་རྔམ་འཐུང་ལ་རིགས་གཉིས་ཡོད་དེ། གཅིག་ནི་རྒྱུན་ལྡན་ཅན་དང་གཞན་དེ་ནི་བར་མཚམས་ཅན་རེད།
རྒྱུན་དུ་རྔམ་ཟ་རྔམ་འཐུང་བྱེད་མཁན་མང་ཆེ་ཤོས་ནི་ཟས་ལ་ཞེན་ཆགས་པ་དང་། ཟ་མ་ཟ་བ་ཐད་གཏོང་བྱེད་མཁན། ཡང་ན་སེམས་ཁམས་མི་བདེ་བ་རེད། མི་ཚོགས་འདི་རིགས་ཤ་རྒྱགས་པ་ཆགས་པ་དང་འཇུ་བྱེད་མ་ལག་གི་ནད་གཞི་ཕོག་པའི་ཉེན་ཁ་ཇེ་ཆེ་རེད། བར་མཚམས་སུ་རྔམ་ཟ་རྔམ་འཐུང་བྱེད་མཁན་ཡིན་ན། མི་ལ་ལས་ཚོ་བྱང་ཆེད་དུས་རྒྱུན་ཤ་མི་ཟ་བ་དང་། གཟའ་མཇུག་ལ་སླེབས་དུས་རྔམ་ཟ་རྔམ་འཐུང་བྱེད་པ། མི་ལ་ལས་གྲོན་ཆུང་བྱེད་ཆེད་རྒྱུན་དུ་ཚོད་འཛིན་བྱས་ཀྱང་། གོ་སྐབས་ཡོད་པ་ཙམ་གྱིས་ཁ་གསབ་ཚུར་དུ་རྔམ་ཟ་རྔམ་འཐུང་བྱས་རེད།
ཡིན་ཡང་རྔམ་ཟ་བྱས་ན་རྨེན་གཤེར་ཐོན་རྒྱུ་མང་དྲགས་ནས། མྱུར་བའི་གཤེར་རྨེན་གཉན་ཚད་སློང་སླ། དཔེར་ན་དུས་ཆེན་རིང་། སྒོ་བསྟེན་ཁང་དུ་གཤེར་རྨེན་གཉན་ཚད་བསྟེན་མཁན་དུས་རྒྱུན་ལས་མང་རེད།
ལྔ་པ། རྒྱུ་འགྱུར་བའི་ཟས་རིགས་ཟ་བ།
རྒྱུ་གྱུར་ནས་ཐོན་པའི་གནོད་ཡོད་དངོས་རྫས་མང་ཆེ་ཤོས་དེ། དྲོད་ཚད་མཐོན་པོས་གཡོ་བསྐོལ་བྱས་ནས་ཇེ་ཉུང་གཏོང་མི་ཐུབ། དཔེར་ན་དུག་གི་རྒྱལ་ཧོང་ཆུས་རླམ་སྲིན་ལྟ་བུ་ཡིན་ན་དྲོད་ཚད་ཏུའུ་ཉིས་བརྒྱ་བརྒྱད་ཅུ་ཡན་ཟིན་ཚེ་ད་གཟོད་དབྱེ་འབྱེད་བྱེད་ཐུབ། དེ་བས་སྤྱི་བཏང་གི་ཟས་གཡོ་བསྐོལ་བྱེད་ཐབས་ཀྱིས་དེའི་སྒྲིག་གཞི་གཏོར་བརླག་བཟོ་མི་སྲིད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཧོང་ཆུས་རླམ་སྲིན་ནི་རིགས་དང་པོའི་སྐྲན་བཟོའི་རྫས་ཡིན་པ་དང་། ཧའོ་ཁེ་གཅིག་གིས་མཆིན་པའི་སྐྲན་ནད་སློང་སྲིད་ཅེས་ཉེན་བརྡ་བཏང་ཡོད།
དྲུག་པ། ཚྭ་ཟ་རྒྱུ་མང་བ།
ཚྭ་ཟ་རྒྱུ་མང་བའི་གནོད་པ་བཤད་དུས། ཚང་མས་ཐོག་མར་ཁྲག་ཤེད་མཐོ་བ་ཡིད་ལ་འཁོར་རྒྱུ་རེད། དོན་དངོས་སུ། ཚྭ་ཟ་རྒྱུ་མང་བའི་གནོད་པ་དེའི་ཚད་མ་རེད། རང་རྒྱལ་གྱི་ཤི་ཤོར་ཚད་མཐོ་ཤོས་ཀྱི་ནད་གཞི་སྟེ་གཟའ་ཕོག་པའང་ཚྭ་ཟ་རྒྱུ་མང་བ་དང་འབྲེལ་བ་ཡོད། དེ་མིན། ཚྭ་ཟ་རྒྱུ་མང་ན་ལུས་པོའི་ནང་གི་ཀལ་ཤོར་བཅུག་ནས། རུས་སོབ་ནད་བཟོ་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་རེ་ཉིན་རེར་ཚྭ་ཟ་ཚད་ཁེ་ལྔ་ལས་དམའ་ན་བཟང་ཟེར། ཡིན་ཡང་༢༠༢༡ལོའི་ཀྲུང་གོའི་སྡོད་དམངས་བཟའ་བཏུང་མཛུབ་སྟོན་ཚན་རིག་ཞིབ་འཇུག་སྙན་ཞུ་ལ་གཞིགས་ན། ཀྲུང་གོ་བ་ཉིན་རེའི་ཆ་སྙོམས་ཚྭ་ཟ་ཚད་ཁེ་དགུ་ཚེག་གསུམ་ཡིན་པས། ཚད་གཞི་ལས་ཕལ་ཆེར་ལྡབ་གཅིག་བརྒལ་འདུག
བདུན་པ། ཟས་ཚ་པོ་ཟ་རྒྱུར་དགའ།
མིད་པའི་ངན་སྐྲན་ནི་འཛམ་གླིང་ཐོག་རྒྱུན་མཐོང་གི་སྐྲན་ནད་ཨང་བརྒྱད་པ་རེད། ལོ་རེར་ཕལ་ཆེར་མི་འབུམ་བཞི་ནད་དེ་ལས་ཤི་ཤོར་བ་རེད། རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་(IARC)ཀྱིས་མིད་པའི་ངན་སྐྲན་ནད་པ་ཆིག་སྟོང་བཞི་བརྒྱར་ཞིབ་འཇུག་བྱས་རྗེས། མིད་པའི་ངན་སྐྲན་ན་བའི་ཉེན་ཁ་དེ་ཟས་རིགས་དྲོད་ཚད་ཇེ་མཐོ་སོང་བ་དང་བསྟུན་ཇེ་མཐོར་འགྲོ་བཞིན་ཡོད་པ་ཤེས།
བརྒྱད་པ། བཏུང་བ་མངར་མོ་འཐུང་རྒྱུ་ལོབ་པ།
ཧྭ་ཞི་སྨན་ཁང་གི་ཚོགས་པས་དབྱིན་ཇིའི་གསོ་རིག་དུས་དེབ་(BMJ)ཐོག་འགྲེམ་སྤེལ་བྱས་པའི་ཞིབ་འཇུག་ལས། མངར་ཆ་འདྲིས་པའི་བཏུང་བས་བཟོས་པའི་ནད་གཞི་ཞེ་ལྔ་ལ་ཟིན་པ་དང་། བཏུང་བ་མངར་མོ་འཐུང་རྒྱུ་མང་ན། སྙིང་ཁྲག་ནད་དང་། གསང་རྒྱུད་ཟགས་གཤེར་གནད་དོན། གནས་མང་སྐྲན་ནད་སོགས་ཉེན་ཁ་རིམ་པ་མི་འདྲ་བ་ཇེ་མཐོར་གཏོང་སྲིད། དཔེར་ན་ནུ་ཚབས་ངན་སྐྲན་ན་བའི་ཉེན་ཁ་བརྒྱ་ཆའི་བཅུ་བཞི་ཇེ་མཐོར་འགྲོ་བ་ལྟ་བུ།
དགུ་པ། བསྙལ་བའི་ཟས་རིགས་ཟ་རྒྱུར་དགའ་བ།
བསྙལ་བའི་ཟས་རིགས་ནང་ཟེ་སྐྱུར་ཚྭ་ཕལ་བ་འདུས་ཡོད་པ་ཀུན་གྱིས་བཤད་རེད། དོན་དངོས་སུ། ཟེ་སྐྱུར་ཚྭ་ཕལ་བས་སྐྲན་ནད་བཟོ་མ་རེད། སྐྲན་ནད་བཟོས་དོན་ནི་དེ་དང་ལུས་པོའི་ནང་གི་ཨན་རིགས་གཉིས་ཟུང་འབྲེལ་བྱས་ནས་ཟེ་ཨན་ཕལ་བ་ཞེས་པ་དེ་རེད།
གཟའ་འཁོར་རེར་བསྙལ་ཚལ་ཐེངས་བཞི་དང་དེའི་ཡན་ཟ་མཁན་དང་། བསྙལ་ཚལ་མི་ཟ་མཁན་གཉིས་བསྡུར་ན། ཁྲག་མཐོ་བས་གཟའ་ཕོག་ནས་ཤི་ཤོར་བའི་ཉེན་ཁ་བརྒྱ་ཆའི་བཅོ་ལྔ་ཇེ་མཐོ་དང་། འཇུ་བྱེད་ངན་སྐྲན་ལས་ཤི་ཤོར་བའི་ཉེན་ཁ་བརྒྱ་ཆའི་བཅུ་གསུམ་ཇེ་མཐོར་རེད། མིད་པའི་ངན་སྐྲན་ལས་ཤི་ཤོར་ཚད་བརྒྱ་ཆའི་ཞེ་ལྔ་ཇེ་མཐོ་རེད།
བསྙལ་བའི་སྔོ་ཚལ་རིགས་ཕུད། བསྙལ་བའི་ཤའི་རིགས་ལའང་དེ་བཞིན་དུ་གཟབ་གཟབ་བྱེད་དགོས། གཡོས་སྐམ་དང་དུད་ཤ་སོགས་བསྙལ་བའི་ཤའི་རིགས་ནང་ཚྭ་འདུས་ཚད་མཐོ་བ་མ་ཟད། རྫས་སྡེབ་རེའུ་མིང་ནང་རྒྱུན་དུ་ཟེ་སྐྱུར་ཚྭ་ཕལ་བ་འདུས་པ་མཐོང་ཐུབ། འདི་རུ་བཤད་པའི་ཟེ་སྐྱུར་ཚྭ་ཕལ་བ་ནི་ཟས་རིགས་བསྣན་རྫས་རེད། བསྙལ་ཚལ་རང་བྱུང་གིས་ཐོན་པ་དང་མི་འདྲ། འགན་ཡུན་ཇེ་རིང་དང་། ཤ་མདོག་ཇེ་ཡག་ཡོང་ཆེད་མིས་ཁ་སྣོན་བྱས་པ་ལ་ཟེར།
བཅུ་པ། གཙོ་ཟས་ཟ་རྒྱུ་མི་འདང་བ།
༢༠༢༣ལོར། རྒྱལ་སྤྱིའི་དུས་དེབ་གྲགས་ཅན་འཚོ་བཅུད་(nutrients)ཞེས་པའི་ཐོག་ཞང་ཡཱ་ཚོགས་པའི་ཞིབ་འཇུག་འགྲེམ་སྤེལ་བྱེད་འདུག ལོ་བཞི་བཅུ་ནས་དོན་དགུ་པའི་བར་གྱི་ཨ་རིའི་དར་མ་དང་རྒན་རྒོན་ཆིག་ཁྲི་དྲུག་བརྒྱ་རེ་དགུའི་བཟའ་བཏུང་དང་། ཁྲག་དྭངས་ནང་Klothoཀྱི་འདུས་ཚད་ལ་དབྱེ་ཞིབ་བྱས་པ་བརྒྱུད། སོལ་ཆུ་འདྲེད་རྫས་ཀྱིས་མཁོ་འདོན་བྱས་པའི་ནུས་ཚད་དེ་ནུས་ཚད་ཡོངས་ཀྱི་བརྒྱ་ཆའི་ཞེ་བརྒྱད་ཚེག་དགུ་གཉིས་ནས་ང་དྲུག་ཚེག་གཉིས་ལ་ཟིན་དུས། ཁྲག་དྭངས་ཁྲོད་ཀྱི་ཚེ་རིང་བའི་རྒྱུ་Klothoསྤྲི་དཀར་གར་ཚད་ཅུང་མཐོ་བའི་ཆུ་ཚད་ལ་གནས། ལྷག་པར་དུ་ནུས་ཚད་མཁོ་འདོན་བསྡུར་ཚད་བརྒྱ་ཆའི་ང་གསུམ་ཚེག་བདུན་ལ་ཟིན་དུས། འདུས་ཚད་ཆེས་མཐོ་བ་རེད།
ཀྲུང་གོའི་སྡོད་དམངས་བཟའ་བཏུང་མཛུབ་སྟོན་ཆེས་གསར་པ་ལ་གཞིགས་ན། ཉིན་རེར་འབྲུ་རིགས་ཁེ་ཉིས་བརྒྱ་ནས་སུམ་བརྒྱ་ཟ་དགོས། དེའི་ནང་འབྲུ་རིགས་དག་མ་དང་སྲན་མའི་རིགས་ཁེ་ལྔ་བཅུ་ནས་བརྒྱ་དང་ལྔ་བཅུ་ལ་ཟིན་དགོས། དེ་མིན། ཞོག་རིགས་ཁེ་ལྔ་བཅུ་ནས་བརྒྱའི་བར་ཟ་དགོས་ཟེར། ཁྱེད་ཀྱིས་ཟ་བ་དེ་འདང་ཨེ་འདུག