བེ་ཤ་དང་རི་ཆུ་ནགས་གསུམ་གྱི་བརྩེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་ཚོ་ནི་གདོད་མའི་ནགས་ཚལ་གྱིས་ཕྱོགས་བཞི་ཀུན་ནས་བསྐོར་ཞིང་།   བེ་ཤ་སྐྱེ་འཚར་ལ་ཁྱིམ་གཞིས་ལེགས་པོ་ཞིག་བསྐྲུན་ཡོད་པའི་ཡུལ་གྲུ་ཞིག་ཡིན།

 

   རྒྱལ་བདེ་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན། བེ་ཤའི་དུས་ཚིགས་ནི་ལོ་གཅིག་ནང་གི་དུས་ཚིགས་གལ་ཆེ་ཤོས་ཤིག་རེད། ལོ་རེའི་ཟླ་7པ་ནས་8པའི་བར་རྒྱལ་བདེ་གྲོང་ཚོའི་གྲོང་མི་ཚོས་སྨྱུག་སླེ་རྒྱབ་ཏུ་འཁུར་ནས་ནགས་ནང་དུ་བསྐྱོད་ཀྱི་ཡོད། ལོ་མང་རིང་བསགས་པའི་ཉམས་མྱོང་ལ་བརྟེན་ནས། ཞིབ་ཅིང་ཕྲ་བའི་རྣམ་པའི་ཁྲོད་ནས་བེ་ཤ་ཡི་རྗེས་ཤུལ་མཐོང་ཐུབ་ཀྱི་ཡོད། བེ་ཤ་མཐོང་བ་ན། ཁོ་ཚོས་གཟབ་ནན་གྱིས་མཐའ་འཁོར་གྱི་ལོ་འདབ་ཕྱེས་ཏེ། དབྱུག་པ་ཆུང་ཆུང་གིས་དལ་མོར་བརྐོས་རྗེས་གང་ཐུབ་ཀྱིས་བེ་ཤ་ས་འདམ་ནང་ནས་བླངས་རྗེས་མཉེན་ཅིང་འཇམ་པའི་ལོ་མས་དལ་མོར་བཏུམ་ནས་སྨྱུག་མའི་ནང་དུ་འཇོག་སྲིད།

བེ་ཤ་འཐུ་བའི་བརྒྱུད་རིམ་ཧྲིལ་པོར་བརྩི་མཐོང་གི་རྣམ་འགྱུར་ཞིག་གིས་འཁེངས་ཡོད་པ་དང་།ཤིན་ཏུ་དཀོན་པའི་ནོར་བུ་ཞིག་གི་ལྟ་སྟངས་བཟུང་ཡོད།   གང་ལགས་ཤེ་ན། ཁོང་ཚོས་དེ་ནི་རང་བྱུང་ཁམས་ཆེན་པོས་སྤྲད་པའི་རྩ་ཆེའི་ལེགས་སྐྱེས་ཤིག་ཡིན་པ་ཤེས་ཀྱི་ཡོད། བེ་ཤ་ནི་ཅོག་ཙེའི་སྟེང་གི་བྲོ་བ་ཞིམ་པོ་ཁོ་ན་ཞིག་མ་ཡིན་པར་དེ་ནི་རྒྱལ་བདེ་གྲོང་ཚོའི་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཀྱང་ཡིན། གསར་དུ་བཏུས་པའི་བེ་ཤ་མགྱོགས་མྱུར་ངང་ས་ཆ་གཞན་དུ་བསྐྱལ་ནས་འཛད་སྤྱོད་པ་ཚོའི་ལྕེ་རྩེ་སྟེང་གི་ལོངས་སྤྱོད་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད། གྲོང་མི་ཚོའི་ངོས་ནས་བརྗོད་ན། བེ་ཤ་ལས་བྱུང་བའི་ཡོང་འབབ་དེས་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་བཏང་ཡོད་པ་དང་། བྱིས་པ་ཚོས་སྔར་ལས་ལྷག་པའི་སློབ་གསོ་མྱོང་བ་དང་རྒན་རྒོན་ཚོར་ལྟ་རྟོག་དེ་བས་ལེགས་པ་ཞིག་ཐོབ་ཐུབ་ཡོད།


    རྒྱལ་བདེ་གྲོང་ཚོ་ནས་བེ་ཤ་ནི་ཁྱིམ་མཚེས་ཀྱི་མཛའ་གྲོགས་རྒྱུན་འཁྱོངས་བྱེད་པའི་འབྲེལ་ཐག་ཞིག་ཀྱང་རེད། བེ་ཤ་བཏུས་ནས་ཕྱིར་ལོག་པའི་གྲོང་མི་ཚོ་མཉམ་དུ་བསྡད་ནས་ཉིན་དེ་གར་ཐོབ་པའི་འབྲས་བུ་དང་དགོད་བྲོ་བའི་དོན་དག་མཉམ་སྤྱོད་བྱེད་བཞིན་ཡོད། རྒན་རབས་ཚོས་བེ་ཤ་དབྱེ་འབྱེད་དང་བེ་ཤ་འདེམ་པའི་ཐབས་རྩལ་ན་གཞོན་མི་རབས་ལ་བརྒྱུད་ཁྲིད་བྱེད་ཀྱི་ཡོད། ངག་ནས་ངག་ཏུ་བརྒྱུད་པའི་ཉམས་མྱོང་དེ་དག་གི་ཐོག་ནས་རྒྱལ་བདེ་བས་རང་བྱུང་ལ་གུས་བཀུར་བྱེད་པ་དང་སྲོལ་རྒྱུན་ལ་བརྟན་སྲུང་བྱེད་པ་མཚོན་ཡོད། བྱིས་པ་རྣམས་ཀྱིས་ཀྱང་ཁོར་ཡུག་དེ་འདྲ་ཞིག་གི་ཁྲོད་ནས་རང་བྱུང་ཁམས་ཀྱི་བཀའ་དྲིན་ལ་གཅེས་སྤྲས་བྱེད་ཤེས་ཀྱི་ཡོད་པ་དང་། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱེད་ཤེས་ཀྱི་ཡོད།

    རྒྱལ་བདེ་གྲོང་ཚོ་དང་བེ་ཤའི་གཏམ་རྒྱུད་ནི་ལོ་རེ་རེ་བཞིན་དུ་ངོ་མཚར་ཆེ་བའི་ས་ཆ་འདི་ན་མུ་མཐུད་ནས་འབྲི་བཞེངས་བྱེད་ཀྱི་ཡོད། བེ་ཤས་རྒྱལ་བདེ་གྲོང་ཚོའི་ལོ་ཟླའི་འཕོ་འགྱུར་བདེན་དཔང་བྱས་པ་དང་གྲོང་མི་ཚོས་བརྩོན་འགྲུས་དང་དགའ་ཞེན་ལ་བརྟེན་ནས་བེ་ཤ་སྐྱེས་པའི་རི་ནགས་དེར་སྲུང་སྐྱོབ་བྱེད་བཞིན་ཡོད།