རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-09   རྩོམ་ཁུངས།    康巴传媒藏文
ང་ཚོའི་མི་ཚེའི་སུམ་ཆ་གཅིག་ཙམ་གཉིད་ལོག་གི་ཁྲོད་བརྒལ་བཞིན་ཡོད་ལ། གཉིད་ལོག་པ་ནི་མིའི་ལུས་སེམས་གཉིས་ཀའི་ངལ་དུབ་རང་བཞིན་གྱིས་སེལ་བའི་བརྒྱུད་རིམ་ཞིག་ཡིན། གཉིད་ཡིད་ཚིམ་པར་ལོག་ན་སེམས་ལྷོད་ལ་འབབ་ཅིང་ལུས་ཀྱི་ངལ་དུབ་སེལ་བར་མ་ཟད་རླུང་ཁྲག་གི་རྒྱུ་བ་སྙོམས་ཤིང་དྲན་པ་གསོ་བ། ལུས་ཀྱི་སྟོབས་བསྐྱེད་ལ་བཀྲག་མདངས་ཀྱང་རྒྱས་པར་བྱེད།
གཉིད་ཚིམ་པར་ལོག་པ།
གཅིག གཉིད་ཁུག་སླ་བ། མཚན་མོ་མལ་ཁྲིའི་སྟེང་ཉལ་ནས་གློག་སྒོ་གཟིམ་རྗེས། སྐར་མ10ནས20ཡས་མས་སུ་གཉིད་ཁུག་ཐུབ་པ།
གཉིས། གཉིད་མཐུག་པ། གཉིད་དུས་དབུགས་ཀྱི་རྒྱུ་བ་རིང་ལ་སྙོམས་པ། གཉིད་ལས་སད་དཀའ་བ།
གསུམ། གཉིད་ལས་དཀྲོགས་པའམ་སད་པ་མེད་པ། མཚན་དུས་ཡར་ལངས་ཏེ་བཤང་གཅི་གཏོང་མི་དགོས་པའམ་ཡང་ན་ཐེངས་གཉིས་མན་ལས་གཏོང་མི་དགོས་པ། དེ་མིན་རྨི་ལམ་གྱིས་དངངས་ནས་གཉིད་དཀྲོག་པ་སོགས་མེད་པ།གཉིད་ལས་སད་རྗེས་རྨི་ལམ་གྱི་ནང་དོན་སོགས་མི་དྲན་པ།
བཞི། ནངས་མོ་མལ་ལས་ལངས་སླ་བ། ནངས་མོ་མལ་ལས་ལངས་དུས་ལུས་ཀྱི་ངལ་དུབ་སེལ་ཞིང་ཤེས་པ་གསལ་ལ་བྱ་བའི་ལས་ལ་འཇུག་པར་འདོད་པ། ཉིན་པར་གཉིད་མི་འཐིབས་པ།
ནམ་རྒྱུན་གྱི་འཚོ་བའི་ཁྲོད་ང་ཚོས་གཉིད་ཚིམ་པ་ཞིག་ལོག་པར་དོ་སྣང་དེ་འདྲ་ཆེན་པོ་མི་བྱེད་ལ། ཡང་ན་བྱ་བ་དང་འཚོ་བའི་གནོན་ཤུགས། སེམས་ལས་སོགས་རྐྱེན་གང་མང་གིས་གཉིད་ཆག་པ་དང་གཉིད་མི་ཡོང་བའི་གནས་ཚུལ་རྒྱུན་མཐོང་དུ་འགྲོ་བཞིན་ཡོད། གནས་སྐབས་རེར་གཉིད་མ་ཁུག་པ་ནི་ནད་གཞི་ཛ་དྲག་ཅིག་མིན་མོད། ཡུན་རིང་པོར་གཉིད་མ་ཁུག་པ་དེས་ནད་རིགས་མང་པོ་ཞིག་གི་སྣ་འདྲེན་པར་མ་ཟད། དུས་ཡུན་རིང་ཚེ་ལུས་ཤ་རིད་པ་དང་མདངས་ཉམས་པ། དྲན་པ་ཉམས་པ། མགོ་ཡུ་འཁོར་ཞིང་རྣ་བ་འུར་བ། སེམས་འཚུབ་ནས་སྡོད་མི་ཚུགས་པ། སྒྱིད་ལུག་པ། མིག་ལྕིབས་སྔོ་ནག་ཏུ་འགྱུར་ཞིང་སྐྲངས་པ་བཅས་གཉིད་ཡེར་བའི་ནད་དུ་འགྱུར།
གཉིད་ཡེར་བར་ནད་རྟགས་གང་དག་ཡོད།
གཉིད་ཡེར་བ་ནི་མཚན་མོ་གཉིད་མི་ཁུག་པ་དང་གཉིད་ཡང་བའམ་གཉིད་སྲབ་པ་སྟེ་ཡང་ནས་ཡང་དུ་སད་པ་དང་ཡང་ན་སད་རྗེས་སུ་བསྐྱར་དུ་གཉིད་མི་ཐུབ་པ། གཉིད་ཉམས་པ་དང་གཉིད་ཡུན་ཐུང་བ་སོགས་ཀྱི་ནད་རྟགས་མངོན། མདོར་ན་གཉིད་ལོག་པའི་དུས་ཚོད་དང་ཁོར་ཡུག་སོགས་ཀྱི་ཆ་རྐྱེན་འཛོམས་ཀྱང་གཉིད་མི་ཁུག་པ་ལ་ཡེར་བ་ཟེར། གཉིད་ཡེར་བར་རྟགས་མི་འདྲ་བ་བདུན་མངོན།
གཅིག གཉིད་མི་ཁུག་པ། མལ་ཁྲིའི་སྟེང་ཉལ་རྗེས་ནས་གཉིད་ཁུག་པའི་བར་དུ་སྐར་མ30བརྒལ་བ།
གཉིས། གཉིད་སྲབ་པ། གཉིད་སད་སླ་ལ་མཚན་མོ་གཉིད་ལས་སད་ཐེངས་མང་བའམ་སད་རྗེས་སུ་གཉིད་སངས་པའི་དུས་ཚོད་རིང་བ།
གསུམ། གཉིད་ཡང་བ། གཉིད་མཐུག་པོར་ལོག་མི་ཐུབ་པར་ཡང་བ་སྟེ་མཐའ་སྐོར་ནས་དོན་དག་ཅི་བྱུང་བ་རྟོགས་ཐུབ་པ།
བཞི། རྨི་ལམ་མང་བ། རྨི་ལམ་ཟ་ཟི་མང་བ་སྟེ་མཚན་གང་པོར་རྨི་ལམ་རྨི་བ། དངངས་ནས་ཡང་ཡང་དཀྲོག་པ།
ལྔ། གཉིད་ལས་སངས་སྔ་བ། ནངས་མོ་གཉིད་ལས་སངས་དུས་རྒྱུན་ལྡན་ལས་ཆུ་ཚོད་གཅིག་གིས་སྔ་བ།
དྲུག གཉིད་ཡུན་ཐུང་བ། དར་མའི་མཚན་གང་གི་གཉིད་ཡུན་ཆུ་ཚོད5ལས་ཉུང་བ།
བདུན། ངལ་དུབ་མི་སེལ་བ། ནམ་ལངས་ཉི་ཤར་གྱི་བར་དུ་གཉིད་ཀྱང་ཉིན་ཧྲིལ་པོར་སྒྱིད་ལུག་གིས་བྱ་བར་འཇུག་པའི་སྟོབས་ཤུགས་ཞན་པ།
གཉིད་ཡེར་བ་ཇི་ལྟར་སློང་བ་ཡིན་ནམ།
གཉིད་ཡེར་བ་སློང་བའི་རྐྱེན་ལ་འདྲ་མིན་སྣ་ཚོགས་མངོན། 1.ནད་ཀྱི་དབང་གིས། ཁྲག་མཁྲིས་ཚ་བ་རྒྱས་དྲགས་པས་ཡེར་བ། རླུང་དང་མཁྲིས་པ་འཕེལ་ནས་གཉིད་ཆུང་བ། ཚིལ་ཟད་ནས་གཉིད་ཆུང་བ། སྟོངས་ཚད་དང་རིམས་ཚད། གཟེར་ཐུང་། འབྲུམ་བུ་སོགས་ཀྱིས་གཉིད་ཆུང་ཞིང་དངངས་པ། ཡང་ན་སྙིང་རླུང་དང་སྙིང་འཕྱོས། སྙིང་ལ་ཆུ་སེར་བབས་པ། རྩ་དཀར་དང་གདོད་ནད་སོགས་ཀྱིས་གཉིད་ཆུང་བ་བཅས་རླུང་ནད་གྲིབ་རིགས་ཀྱི་ནད་རིགས་ལ་མཚན་གཉིད་ཆུང་བའམ་ཡེར་བའི་རྟགས་མཆིས། 2.གཉིད་ལོག་པའི་ཁོར་ཡུག་མི་འཛོམས་པ། དཔེར་ན་མལ་ཁང་གི་གློག་འོད་སོགས་གསལ་དྲགས་པ། ཁང་བའི་དྲོད་ཚད་ཆེ་དྲགས་པའམ་གྲང་དྲགས་པ་སྟེ་དྲོད་ཚད་མི་སྙོམས་པ། ཡང་ན་རློན་དྲགས་པའམ་སྐམ་དྲགས་པ། ལྷིང་འཇགས་ཀྱི་གནས་མིན་པར་ཟང་ཟིང་ཆེ་བ་བཅས་ཁོར་ཡུག་གི་ཆ་རྐྱེན་མི་འཛོམས་པ། 3.གཉིད་ཀྱི་གོམས་གཤིས་མི་ལེགས་པའི་རྐྱེན། དཔེར་ན། གཟའ་མཇུག་སྐབས་སུ་གཉིད་དྲགས་པ། ཉིན་པར་གཉིད་དྲགས་པ། ཉལ་ཁར་ཟས་སྐོམ་མང་དུ་བསྟེན་ནས་འགྲང་དྲགས་པ། ཁ་པར་སོགས་གློག་ཆས་ཀྱི་རིགས་ལ་བལྟ་དྲགས་པ། དྲག་ཤུལ་གྱི་ལས་དང་སེམས་ལས་དྲགས་པ་སོགས་ཀྱིས་གཉིད་ཆུང་བའམ་གཉིད་ཡེར་བ་སློང་།
གཉིད་འགུག་པའི་ཐབས།
གཅིག གཉིད་ཀྱི་གོམས་གཤིས་ལེགས་པོ་ཆགས་དགོས།
1.རྒྱུན་པར་དུས་ལྟར་དུ་གཉིད་ལོག་པ་དང་མལ་ལས་ལངས་པ། གཟའ་མཇུག་དང་ངལ་གསོའི་སྐབས་སུ་ཡང་དེ་བཞིན་རྒྱུན་འཁྱོངས་བྱེད་པ།
2.མཚན་མོ་ཐ་མག་འཐེན་པ་དང་ཁོལ་ཧྥེ། ཇ་ནུར་བོ། ཆང་རག་འདྲེས་པའི་སྐོམ་ཆུའི་རིགས་སོགས་དབང་རྩ་དང་སྙིང་ལ་ཤུགས་འབྱིན་པའི་རིགས་བསྟེན་པ་སྤང་། ནུབ་ཚལ་རན་པར་ཟོས་ནས་འགྲང་དྲགས་པ་དང་ལྟོགས་དྲགས་པའི་རིགས་སྤོང་བ།
3.མལ་ཁྲིའི་སྟེང་ཉལ་རྗེས་བརྙན་འཕྲིན་དང་ཁ་པར་སོགས་གློག་ཆས་རིགས་སྤྱོད་པ་སྤོང་བ།
4.ཉིན་གཉིད་ལོག་པ་སྤོང་བའམ་གཉིད་ཡུན་སྐར་མ30ནང་ཚོད་འཛིན་བྱེད་པ།
5.རྩོལ་བཅག་དྲག་ཤུལ་གྱི་རིགས་སྤང་ནས་རྔུལ་དབྱུང་ཙམ་བཅག་དགོས།
6.གཉིད་ལོག་པའི་ཁོར་ཡུག་འོས་འཚམ་བསྐྲུན་དགོས་པ་དཔེར་ན། མལ་ས་བདེ་ལ་དྲོད་གྲང་སྙོམས་པ། མལ་གོས་འཇམ་ལ་སྲབ་མཐུག་རན་པ། སྔས་མགོའི་མཐོ་དམའ་རན་པ། སྒྲོན་མེ་དང་གློག་འོད་གསལ་དྲགས་པ་སོགས་སྤང་ནས་གཉིད་བདེ་བར་ལོག་པ།
གཉིས། ནང་དོན་ཡག་ལ་འབྲས་བུ་ཕུན་སུམ་ཚོགས་པའི་གནའ་སྒྲུང་ལ་ཉན་པ། དཔེ་ཆ་ཀློག་པ། དེའི་ཕྱོགས་སུ་བསམ་བློ་འཁོར་བ། སེམས་སུ་གྲངས་འདྲེན་པ་དང་ཡང་ན་རོལ་དབྱངས་སྙན་ཞིང་འཇེབས་པར་ཉན་པ། ཡན་ལག་བདེ་བར་བརྐྱང་ཞིང་སྙོམས་པོར་ཉལ་བ། ཉལ་ཁར་འོ་མ་དྲོ་འཇམ་འཐུང་བ། ཁྲུས་བྱེད་པ། རྐང་པ་ཆུ་དྲོན་ནམ་བདུད་རྩི་ལྔ་ལུམས་ཀྱིས་སྦང་བ། རླུང་སྤོས་བདུག་པ། སྣུམ་བྱུག་པ་སོགས་བྱས་ནས་གཉིད་དགུག་པར་བྱ། དེས་ཀྱང་མ་ཕན་ན་སུག་སྨེལ་སུམ་ཐང་། ཨ་གར་ཉི་ཤུ། ཨ་གར་སོ་ལྔ། བི་མ་ལ་སོགས་བསྟེན་པའམ་སྨན་ཁང་དུ་སོང་ནས་ཆེད་བཅོས་ཚན་ཁག་ཏུ་བརྟག་བཅོས་གསལ་པོ་བྱ་དགོས། །