རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-09   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་འཆར་འགོད(2024—2035ལོ་བར)》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་ནན་ཏན་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།
སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པ་མགྱོགས་མྱུར་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་བབ་དང་ཞིང་ལས་གནས་ཚུལ་ལ་གཞི་ཚུགས་ནས་ཀྲུང་གོའི་ཁྱད་ཆོས་མངོན་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་སྙིང་རུས་གཏན་འཁྱོངས་མཐའ་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སྤྱད་དེ་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དེང་རབས་ཅན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་དང་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བརྟན་སྲུང་བྱེད་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། མཁོ་སྤྲོད་འགན་སྲུང་ཡག་པོ་དང་། ཚན་རྩལ་སྒྲིག་ཆས་ཧྲག་པོ། གཉེར་སྐྱོང་མ་ལག་འཐུས་ཚང་། ཐོན་ལས་མཉེན་ཆ་ཆེ་བ། འགྲན་རྩོད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཞིང་པ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བར་རོལ་ཐུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་དེ་ཡིན།
ལས་དོན་ཁྲོད་སྒྲུབ་ཐུབ་པར་བྱེད་དགོས་པ་ནི། ཐོན་སྐྱེད་ནུས་ཤུགས་བརྟན་དུ་དང་རྨང་གཞི་བརྟན་དུ་བཏང་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་དགོས་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་གི་ཆད་སྐྱོན་ལ་དམ་པོར་དམིགས་ནས་སྒྲིག་བཀོད་ཀྱི་རྨང་གཞི་དང་། ལག་རྩལ་གྱི་རྨང་གཞི། སྒྲིག་ཆས་ཀྱི་རྨང་གཞི། སྲིད་ཇུས་ཀྱི་རྨང་གཞི། ལམ་ལུགས་ཀྱི་རྨང་གཞི་བཅས་བརྟན་དུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་ཆུ་ཚད་མཐོ་པོས་བརྟན་པོར་འཛིན་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྒུལ་ཤུགས་ཆེ་རུ་བཏང་སྟེ་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་གནས་བབ་གཙོ་བོ་མཐའ་འཁྱོངས་དང་། ཚན་རྩལ་དང་སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་པ་ཆེ་རུ་གཏོང་བ། ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་སྒྱུར་བཅོས་ཕྱོགས་ཡོངས་ནས་སྔར་བས་ཟབ་ཏུ་གཏོང་བ། ཞིང་ལས་ཀྱི་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ། གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་བྱེད་ཆོད་བཅས་ཆེ་རུ་བཏང་སྟེ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྟིང་ཤུགས་ཆེ་རུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་དང་ཁྱད་ཆོས་མངོན་པར་བྱས་ཏེ་རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱས་ཏེ། ལྗང་མདོག་འཁོར་རྒྱུག་དང་ཐཱན་ཉུང་འཕེལ་རྒྱས་དེ་ཉིད་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། མཉམ་སྐྲུན་མཉམ་སྤྱོད་དང་ཞིང་པ་ཕྱུག་པོ་ཆགས་པར་བྱས་ཏེ་ཞིང་དུད་ཆུང་གྲས་ཀྱི་ཁེ་ཕན་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་རྒྱུན་མཐུད་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་བ། ཐོན་ལས་འཕེལ་རྒྱས་དང་གླ་རྒྱུག་ལས་ཞུགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་ཁྱོན་ཆེ་བའི་དབུལ་ལོག་མི་ཐོན་པ་བྱེད་པའི་མཐའ་ཚད་བརྟན་པོ་སྲུང་བ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་ཞིང་པར་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱེད་དགོས། གོམ་པ་རིམ་བགྲོད་དང་ཏན་ཏན་ཏིག་ཏིག་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་གཞི་ཚུགས་ནས་མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་འཚམ་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་དང་ཞིང་པས་བསམ་འཆར་དྲག་པོ་འདོན་པའི་དོན་དངོས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་ཡུལ་བབ་དང་བསྟུན་པ་དང་ཕན་འབྲས་དངོས་ལ་མཐོང་ཆེན་བཅས་བྱས་ཏེ་དུས་མཚམས་དབྱེ་ནས་སྐུལ་འདེད་བརྟན་པོ་གཏོང་དགོས།
དམིགས་ཚད་གཙོ་བོ་ནི། 2027ལོར་སླེབས་སྐབས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱ་རྒྱུ་ཡིན་ཞིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ། ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་ནུས་པ་བརྟན་དུ་དང་ཆེ་རུ་བཏང་སྟེ་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱ་མ་དུང་ཕྱུར་ཁྲི་1.4ཟིན་པ་དང་ཞིང་ལས་ཐོན་རྫས་གལ་ཆེན་ལུགས་མཐུན་དང་རང་མཁོ་རང་སྤྲོད་ཀྱི་ཆུ་ཚད་རྒྱུན་འཁྱོངས་བྱ་རྒྱུ། ཞིང་ལས་ཚན་རྩལ་སྒྲིག་ཆས་ཀྱི་འདེགས་སྐྱོར་རྒྱུན་མཐུད་ཆེ་རུ་བཏང་ནས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཚད་བརྒལ་ཡོང་བ་དང་སོན་གསོའི་འགག་སྒྲོལ་ལ་འཕེལ་རིམ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆད་སྐྱོན་གསབ་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་བྱ་རྒྱུ། དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་སྣུར་སྲིང་དང་རྒྱ་སྐྱེད་བཅས་བྱས་ཏེ་ཞིང་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བ་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། མང་ཚོགས་ལ་མཐོང་རྒྱུ་ཚོར་རྒྱུ་ཡོད་པའི་བྱ་བ་དངོས་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ངང་བསྒྲུབ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཕྱིར་སྐྱོད་དང་། ཆུ་སྤྱོད། གསང་སྤྱོད་བཅས་རིམ་བཞིན་སྟབས་བདེ་ཡོང་བར་བྱས་ཏེ། བཙོག་ཆུ་བཅོས་སྒྲིག་དང་། སྨན་བཅོས་ཞབས་ཞུ། རྒན་གསོའི་འགན་སྲུང་། ཡུལ་སྲོལ་ཡ་རབས། ཐོན་ལས་ཀྱིས་ཞིང་ལས་སྐུལ་ཁྲིད་བཅས་ཀྱི་ཆུ་ཚད་མཐོ་རུ་བརྟན་པོ་གཏོང་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་དང་གཞི་རྩའི་ཆར་གཅིག་མཚུངས་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་རྒྱུན་མཐུད་ཆུང་དུ་གཏོང་རྒྱུ་བཅས་རེད། 2035ལོར་སླེབས་སྐབས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱ་རྒྱུ་ཡིན་ཞིང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཞིང་ལས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་དང་གྲོང་གསེབ་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆར་འཛོམས་པ་བྱ་རྒྱུ་དང་། འབྲུ་རིགས་ཀྱི་ཐོན་འབབ་བརྟན་པ་དང་མཁོ་སྤྲོད་སྔར་བས་བདེ་འཇགས་ལྡན་པ་དང་། གྲོང་གསེབ་ཀྱི་ཐོན་ལས་འཁོར་འབྲེལ་རིམ་སྤོར་དང་འཐུས་སྒོ་ཚང་དུ་དང་དེ་བཞིན་མཉམ་འདྲེས་སྔར་བས་ཡག་པོ་ཡོང་བར་བྱ་རྒྱུ། གྲོང་གསེབ་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་འཚོ་བ་སྔར་བས་སྟབས་བདེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་ཀུན་ཕན་འདྲ་མཉམ་ཡོང་བ་དང་འགན་སྲུང་ནུས་ལྡན་བྱ་རྒྱུ། ཞིང་ལས་དང་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་གསེབ་བཅོས་སྐྱོང་མ་ལག་གཞི་རྩའི་ཆར་འཐུས་སྒོ་ཚང་དུ་དང་སྤྱི་ཚོགས་སྔར་བས་དུས་བདེ་ཡོང་བ་བྱ་རྒྱུ། ཞིང་པའི་ཡོང་འབབ་བརྟན་པོ་འཕར་བ་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྔར་བས་མཐུན་སྦྱོར་བྱ་རྒྱུ་བཅས་རེད། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞིང་། མཁོ་སྤྲོད་འགན་སྲུང་བདེ་འཇགས་བློས་འཁེལ་དང་། ཚན་རྩལ་གསར་གཏོད་རང་ཚུགས་རང་དར། སྒྲིག་བཀོད་དང་སྒྲིག་ཆས་ལེ་ལག་དང་འཐུས་སྒོ་ཚང་བ། གྲོང་གསེབ་ཀྱི་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་བ་དང་ཕན་ནུས་ཆེ་བ། ཞིང་སྡེ་དང་གྲོང་གསེབ་ཤེས་དཔལ་ལྡན་ལ་ཡིད་དུ་འོང་བ། ཞིང་པའི་འཚོ་བ་བདེ་ཞིང་སྐྱིད་པ། རྒྱལ་སྤྱིའི་འགྲན་རྩོད་ལེགས་ཆ་མངོན་གསལ་དོད་པ། གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་བཅས་རེད།