རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-10   རྩོམ་ཁུངས།    青海藏文报社
མཁལ་རྡོ་ནི་མཁལ་མའི་ནང་དུ་དིམ་བསགས་ཐེབས་པའི་གཏེར་རྫས་ཀྱིས་སློང་བ་ཞིག་ཡིན་ཞིང་། དེ་ནི་ཞུན་ཆགས་གཟུགས་དང་སྐྱེ་ལྡན་རྨང་རྫས་ཀྱིས་གྲུབ་པ་རེད། གཅིན་པའི་ནང་གི་གཏེར་རྫས་རིགས་གཅིག་མང་དྲགས་སྐབས་རྡེའུ་སྐྲན་དུ་འགྱུར་བཞིན་ཡོད། དེའི་ནང་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་ནི་ཆེས་རྒྱུན་མཐོང་ཡིན་པ་དང་། དེ་ལས་གཞན་ལིན་སྐྱུར་ཀལ་གྱི་རྡེའུ་སྐྲན་དང་གཅིན་སྐྱུར་གྱི་རྡེའུ་སྐྲན། ལིན་སྐྱུར་ཨན་མཱེའི་རྡེའུ་སྐྲན་དང་ཀོན་ཨེམ་སྐྱུར་གྱི་རྡེའུ་སྐྲན་སོགས་ཡོད། མཁལ་རྡོ་བསྐྱར་དུ་འབྱུང་བ་སྔོན་འགོག་བྱེད་པར་དུས་རྒྱུན་གྱི་བཟའ་བཏུང་དང་འཚོ་བ་རོལ་སྟངས་ལ་མཉམ་འཇོག་བྱེད་དགོས་ཤིང་། གཤམ་གྱི་ཟས་རིགས་འདི་དག་ཉུང་བཟའ་བྱེད་དགོས།
རྩྭ་སྐྱུར་མཐོ་བའི་ཟས་རིགས། རྩྭ་སྐྱུར་ཞེས་པ་ནི་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་སློང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། རྩྭ་སྐྱུར་མཐོ་བའི་ཟས་རིགས་དག་གི་བྲོ་བ་ཅུང་ཁ་མོ་ཡོད་ཅིང་། རྩྭ་སྐྱུར་ཅུང་མཐོ་བའི་ཟས་རིགས་ནི་ཚལ་སྣག་དང་སྣེའུ་ཚལ། མངར་ཚལ། སྨྱུག་རྩ། ཏིལ་འབྲུ་སོགས་ཡིན།
སྐྱེ་ལྡན་འདྲེས་སྦྱོར་འགྱུར་རྫས་འདུས་ཚད་མང་བའི་ཟས་རིགས། སྲོག་ཆགས་ཀྱི་ནང་ཁྲོལ་དང་མཚོ་ཟས། ཤ་ཁུ་གར་པོ་སོགས་ཡིན། སྐྱེ་ལྡན་འདྲེས་སྦྱོར་འགྱུར་རྫས་བརྗེ་ཚབ་བྱེད་དུས་གཅིན་སྐྱུར་འབྱུང་སྲིད་པ་དང་། གཅིན་སྐྱུར་གྱིས་རྡེའུ་སྐྲན་ཆགས་པར་སྐུལ་འདེད་བྱེད་སྲིད།