རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞལ་གྱེས་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ཞལ་གྱེས་གླེང་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ཐེངས་ཀྱི་འཚམས་འདྲིའི་དུས་ཚོད་ཐུང་ཐུང་ཡིན་རུང་བྱེད་སྒོ་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྱོགས་གཉིས་པོས་འཛམ་གླིང་སྤྱི་ཚོགས་རིང་ལུགས་བྱ་གཞག་སྟོབས་ཆེར་གཏོང་རྒྱུའི་ཆབ་སྲིད་ཀྱི་འདོད་བློ་མཉམ་དུ་བསྐྱར་བསྒྲགས་གནང་ནས།
ཚང་མས“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་ལ་གཞིགས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱ་རྒྱུ་མ་ཟད། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་ཡིན། ངས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
སུའུ་ལིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ཕྱོགས་གཉིས་པོས་མཉམ་དུ་དོ་ཁུར་བྱེད་པའི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་གཏིང་ཟབ་བྱས་པས་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཆགས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་དབར་གྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་བ། ཝེ་ཐེ་ནམ་ཕྱོགས་ཀྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་རྒྱུའི་ཡིད་ཆེས་ཆེ་རུ་ཕྱིན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཀྱང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་རྒྱུ་ཡིན།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུགས་ཡོད་པ་རེད།