རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཁྭ་ལ་ལུམ་ཕུར་དུ་ཕེབས་འབྱོར་ཟིན་ནས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱི་གདན་ཞུས་ལྟར་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཆེད་གཏོང་གནམ་གྲུ་ཁྭ་ལ་ལུམ་ཕུར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་མུའུ་ཧན་མོ་ཏེ། ཕེབས་རོགས་པུའུ་ཀྲང་དང་འགྲིམ་འགྲུལ་པུའི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཁྭ་ལ་ལུམ་ཕུར་ཕེབས་འབྱོར་ཟིན་ནས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱི་གདན་ཞུས་ལྟར་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་རེད།
ཆེད་གཏོང་གནམ་གྲུ་ཁྭ་ལ་ལུམ་ཕུར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་མུའུ་ཧན་མོ་ཏེ། ཕེབས་རོགས་པུའུ་ཀྲང་དང་འགྲིམ་འགྲུལ་པུའི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། མ་ལེ་ཞི་ཡའི་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་དང་། མ་ལེ་ཞི་ཡའི་གཞོན་ནུ་ལོ་ཆུང་གིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་པ་དང་ཀྲུང་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་མ་ལེ་ཞི་ཡའི་སྲིད་གཞུང་དང་མ་ལེ་ཞི་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་མ་རྒྱལ་ཁབ་གཉིས་པོ་ནི་མཚོ་ཁ་གཅིག་གི་ཕར་ཚུར་གནས་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས་སྲོལ་རྒྱུན་གྱི་མཛའ་གྲོགས་ལོ་ངོ་སྟོང་རིང་རྒྱུན་འཛིན་བྱས་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་ཕྱིན་ཚུན། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། 2023ལོར་ཕྱོགས་གཉིས་པོས་ཀྲུང་མ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་ན་ནིང་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཞིག་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཀྲུང་གོ་དང་མ་ལེ་ཞི་ཡས་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་གཏིང་ཟབ་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་ཐོགས་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དེང་རབས་ཅན་འཛུགས་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ། ཀྲུང་མ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་མའི་འབྲེལ་བའི“རྫོགས་ལྡན་གྱི་ལོ་50”གསར་པ་གཏོད་འགོ་ཚུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་རེད།
མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་དབྱང་ཡུས་ཅིང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་མི་སྣ་དང་ཕྱི་སྦྱོང་སློབ་མས་འགྲོ་ལམ་གྱི་གཞོགས་གཉིས་སུ་ཀྲུང་མ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། “ཀྲུའུ་ཞི་ཞི་ཅིན་ཕིང་མ་ལེ་ཞི་ཡར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་པ་དང“ཀྲུང་མའི་མཛའ་གྲོགས་ཁྲི་ལོར་བརྟན་པ་ཤོག”སོགས་འཕྲེད་འགེལ་ཡི་གེ་དམར་པོ་མཐོན་པོར་སྒྲེང་པ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་བཀྲ་ཤིས་ལ་སྤྲོ་སེམས་འཁོལ་བའི་སེང་རྩེད་འཁྲབ་སྟོན་བྱས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།