《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།རིག་གནས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-17   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་8པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་སྐྲུན་དགོས》ཞེས་པ་བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རིག་གནས་འཛུགས་སྐྱོང་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་གྲུབ་པ་དང་། རིག་གནས་འཛུགས་སྐྱོང་དེ་གཞི་སྒྱུར་རྩ་སྒྱུར་དང་གཞུང་འཁྱོངས་གསར་འབྱེད་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་གོམ་པ་བརྟན་པོ་སྤོས་ཡོད།

    རྩོམ་ཡིག་ནང་བསྟན་དོན། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཡང་འབྲེལ་བ་ཡོད། ང་ཚོས་2035ལོར་སླེབས་སྐབས་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་དམིགས་ཚད་ལ་གཞིགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་བྱེད་པ། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ལ་གཞིས་ཚུགས་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་བཅས་བྱས་ཏེ་བསམ་བློའི་ཁྲིད་སྟོན་བྱེད་ཤུགས་དང་། བསམ་པའི་གོང་བུ་སྒྲིལ་ཤུགས། རིན་ཐང་གི་བློ་སེམས་འགུག་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་དགོས།  

    རྩོམ་ཡིག་ནང་ཕྱོགས་ལྔའི་ཐད་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པར་བཀོད་སྒྲིག་གནང་བ་སྟེ། དང་པོ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས་ཤིང་། ལམ་བུ་དེའི་ཆེས་རྩ་བའི་ཁྱད་ཆོས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རེད། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་སྦྱོར་ལ་དོ་དམ། ཏང་གིས་དྲ་སྦྲེལ་ལ་དོ་དམ་བཅས་བྱེད་པའི་རྩ་དོན་དེ་ངེས་པར་དུ་དོན་འཁྱོལ་བྱས་ནས། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ་བསམ་བློ་དང་། སྙིང་སྟོབས། རིག་གནས་བཅས་ཀྱི་ཐོག་ནས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་རྩ་བའི་ལམ་ལུགས་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཕྱོགས་པའི་མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པར་དམ་པོར་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གཙོ་རྒྱུན་གྱི་རིན་ཐང་དང་། གཙོ་རྒྱུན་གྱི་གླེང་ཕྱོགས། གཙོ་རྒྱུན་གྱི་རིག་གནས་བཅས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས།

    གཉིས་པ། ནུས་ཤུགས་ཡོད་རྒུས་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས་ཤིང་། རིག་གནས་ཀྱི་གསོན་ཤུགས་ནི་གསར་གཏོད་དང་གསར་སྐྲུན་བྱ་རྒྱུར་ཐུག་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་མཐའ་འཁྱོངས་ཀྱིས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་དེ་རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས། རིག་གནས་དོ་དམ་སྒྲིག་སྲོལ་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་ལ་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་བཏང་ནས། མི་སེམས་སུ་གཏིང་ཟབ་ཟུག་པའི་དུས་རབས་ཀྱི་བརྩམས་ཆོས་ཁག་ཅིག་སྐྱེད་སྲིང་བྱེད་དགོས། རིག་གནས་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ནས་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ནུས་ལྡན་ལམ་སྲོལ་འཚོལ་ཞིབ་བྱས་ནས། རིག་གནས་འཛུགས་སྐྱོང་ཐད་གྲངས་འཛིན་ཅན་གྱི་ནུས་པ་སྦྱིན་པ་དང་ཆ་འཕྲིན་ཅན་གྱི་རྣམ་པར་འགྱུར་ཐུབ་པ་བྱེད་དགོས།

    གསུམ་པ། རིག་གནས་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་མི་ལ་དམིགས་པ་དང་མིར་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རིག་གནས་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དེ་མཐར་མི་དམངས་ཀྱི་བསམ་བློ་གཏོང་ཡུལ་དང་། བསམ་བློའི་འཁྱེར་སོ། རིག་གནས་བློ་སྦྱོང་བཅས་ཀྱི་ཐོག་ནས་མངོན་པར་བྱེད་དགོས། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་དགོས། རིག་གནས་ལ་བརྟེན་ནས་སེམས་ཤུགས་སྐྱེད་པ་དང་བསམ་པའི་འཁྱེར་སོ་གསོ་བའི་ནུས་པ་འདོན་པར་མཐོང་ཆེན་བྱས་ཏེ་མི་རིགས་ཡོངས་ཀྱི་དཔའ་ངར་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཆགས་པར་བྱེད་དགོས། ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གལ་འགངས་ཆེ་ལ་དགོས་གཏུག་གི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩིས་ནས། གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་དང་མཐུན་པ། བློ་རྩ་བརྟན་པོས་གསར་གཏོད་བྱེད་པ་བཅས་ཀྱི་ཆུ་ཚད་མཐོ་བའི་རིག་གནས་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

    བཞི་པ། གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་ཤེས་དཔལ་རིག་གནས་མུ་མཐུད་རྒྱུན་འཛིན་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་བྱེད་པོའི་རང་བཞིན་དར་སྤེལ་ཤུགས་ཆེན་བཏང་ནས་འགྱུར་ལྡོག་ཆེན་པོ་བརྒྱུད་མྱོང་བའི་ཀྲུང་ཧྭའི་ཤེས་དཔལ་གྱི་ཉིང་བཅུད་སྲུང་སྐྱོང་ཡག་པོ་དང་། དར་སྤེལ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་ལས་འགན་དང་བླ་ན་མེད་པའི་འགན་འཁྲི་ཞིག་རེད། གནའ་བཟང་དེང་སྤྱོད་དང་རྙིང་འབུད་གསར་འདོན་མཐའ་འཁྱོངས་དང་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་ཉིང་བཅུད་སྔོག་འདོན་དང་རྒྱས་བཤད་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕུལ་བྱུང་གཞི་རྒྱུ་སྐུལ་སྤེལ་དང་འབྲེལ། དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། ལོ་རྒྱུས་ལ་གུས་སྐྲག་དང་རིག་གནས་ལ་དགའ་ཞེན་བྱེད་པའི་བསམ་པ་འཆང་བ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། བེད་སྤྱོད་ལུགས་མཐུན་བྱེད་པ། ཐེ་ཇུས་ཉུང་ཤོས་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་སྲུང་སྐྱོང་དང་གཅིག་གྱུར་ལྟ་འདོམས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    ལྔ་པ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་རྒྱལ་ཁབ་ཀྱི་རིག་གནས་ཤུགས་རྐྱེན་དང་འགྲན་རྩོད་ཀྱང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ང་ཚོས་ངེས་པར་དུ་ཀྲུང་གོའི་འདོད་ཚུལ་དྲིལ་བསྒྲགས་ངོ་སྤྲོད་དང་། ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ། ཀྲུང་གོའི་གཟུགས་བརྙན་མངོན་པ་བཅས་བྱེད་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་བྱེད་སྟངས་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས་ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་བྱེད་པའི་རྣམ་པ་སྐྲུན་དགོས། རིག་གནས་ལ་བརྟེན་ནས་འཛམ་གླིང་དང་སྐད་ཆ་ཤོད་རེས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་ཏུ་བྱེད་དགོས། མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་ལ་དེ་བས་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། གནའ་དེང་རིག་གནས་མཐའ་གསལ་མཐིལ་རྟོགས་དང་ཕྱི་ནང་ཕན་ཚུན་འབྲེལ་བའི་རིག་གནས་ཀྱི་གྲུབ་འབྲས་གཏོད་དགོས།

    རྩོམ་ཡིག་ནང་བསྟན་དོན། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་རེད། ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་རིག་གནས་འཛུགས་སྐྱོང་གི་འགོ་ཁྲིད་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།