རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་4ཚེས་16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་བ་རེད། དབྱི་ཕུའུ་ལཱ་ཤིན་གྱིས་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་གི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ།
ཟླ་4ཚེས་16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱིས་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་བ་རེད།
ཟླ་4པའི་ཁྭ་ལ་ལུམ་ཕུར་དུ་ཉི་འོད་རབ་ཏུ་འཚེར་ཞིང་སྔོ་ལྗང་ལྗོན་ཤིང་གིས་རབ་ཏུ་བརྒྱན།
དབྱི་ཕུའུ་ལཱ་ཤིན་གྱིས་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་གི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་དེ་གར་འབྱོར་སྐབས་དབྱི་ཕུའུ་ལཱ་ཤིན་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་རླངས་འཁོར་ནས་བབས་སར་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུར་འཛེགས་གནང་བ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་མ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་21བརྒྱབ། ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་གི་ཚོམས་ཆེན་དུ་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་ནས་གུས་ལན་ཞུས་པ་རེད།
ཕེབས་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་དབྱི་ཕུའུ་ལཱ་ཤིན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་ནི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན་པས། ཕན་ཚུན་འབྲེལ་བ་ཟབ་ལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བས་ཟིལ་རླབས་དགུང་འཕྱུར་གྱི་དུས་རབས་ཕྱེད་ཀ་བརྒྱུད་ནས། དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་བསུ་བཞིན་ཡོད། ངས་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་དང་མཉམ་དུ་འབད་བརྩོན་བྱེད་པ་དང་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་བཙུགས་ནས། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཏེ་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི“རྫོགས་ལྡན་ལོ་50”གསར་པའི་འགོ་འཛུགས་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ནས་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ལག་གདང་སྦྲེལ་ཏེ་ཡག་པོ་སྐྱོད་དགོས། “རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”དང་མཚོའི་ངོགས་ཤར་གྱི་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཡག་པོ་བྱེད་པ་དང་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་འབྱུང་འགྱུར་ཐོན་ལས་མཉམ་ལས་སྐྱེད་སྲིང་ལ་དམ་འཛིན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་མ་འཇོག་ལས་དར་བྱེད་པར་ལྕག་སྐུལ་བྱ་རྒྱུ་ཡིན།
མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ“རུའུ་ལུགས་དང་དབྱི་སི་ལན་གྱི་ཤེས་རིག་སྤེལ་རེས”ལ་སྐུལ་འདེད་བཏང་ནས་རིག་གནས་དང་། ཡུལ་སྐོར། སློབ་གསོ་བཅས་ཀྱི་མཉམ་ལས་དེ་བས་མང་བ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་ཏུ་སྦྲེལ་འདོད་ཡོད། མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་དང་ཐུན་མོང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ས་ཁུལ་དང་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད།
དབྱི་ཕུའུ་ལཱ་ཤིན་གྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡོད་པ་གང་ལེགས་མཚོན་ཡོད། ན་ནིང་གི་ཟླ་9པར་ངས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་བྱས་པ་ད་ལྟའང་གསལ་པོ་དྲན་གྱི་འདུག ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་མ་ལེ་ཞི་ཡར་འཚམས་འདྲིར་ཕེབས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོར་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བ་དང་ཀྲུང་གོའི་མི་དམངས་ཀྱི་དཀའ་སྤྱད་ངལ་རྩོལ་ལས་བྱུང་བ་ཞིག་རེད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ནའང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་མཉམ་ལས་གཉིས་ཕན་བྱས་ཏེ་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་གི་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་མཐོང་ཆེན་བྱེད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་མ་འཇོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ། མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཉེ་ཆར་ཀྲུང་གོས་འཚོགས་པའི་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུར་ཚད་མཐོའི་གདེང་འཇོག་བྱེད་པ་དང་ཀྲུང་གོས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་བཏོན་པའི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས་ཞི་བདེ་དང་དར་རྒྱས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུར་གཞོལ་བཞིན་ཡོད།
མཇལ་འཛོམས་གྲུབ་རྗེས་ཞི་ཅིན་ཕིང་དབྱི་པུའུ་ལཱ་ཤིན་གྱིས་བཤམས་པའི་ཕེབས་བསུའི་གསོལ་སྟོན་ལ་ཞུགས་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གི་བྱེད་སྒོར་ཞུགས་ཡོད་པ་རེད།