ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་གྲོས་མོལ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཟླ་4ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཐེ་ལ་ཅ་ཡ་ཙུང་ལིའི་ལས་ཤག་ཏུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་གྲོས་མོལ་གནང་བ།

    ཟླ་4ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཐེ་ལ་ཅ་ཡ་ཙུང་ལིའི་ལས་ཤག་ཏུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོལ་མོལ་གནང་འཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པར་དཔང་པོ་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་མ་ལེ་ཞི་ཡའི་པུའུ་ཐེ་ལ་ཅ་ཡ་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ཐེ་ལ་ཅ་ཡ་ཙུང་ལིའི་ལས་ཤག་ཏུ་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་ཙུང་ལིའི་ལས་ཤག་ཏུ་འབྱོར་སྐབས་ཨན་ཝར་གྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། མ་ལེ་ཞི་ཡའི་གཞོན་ནུ་ལོ་ཆུང་ཚོས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། སྤྲོ་སྣང་ལྡན་པའི་རྔ་རྡུང་རོལ་    དཀྲོལ་བྱས་ནས་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟེ་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མ་ལེ་ཞི་ཡའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ནི་ལོ་རྒྱུས་ཡུན་རིང་ཁྲོད་སྐྱེད་སྲིང་དང་། རིག་གནས་མཉམ་འདྲེས་ཁྲོད་འཚར་ལོངས། གཉིས་ཕན་གཉིས་ཁེའི་ཁྲོད་སྲ་བརྟན་དུ་འགྱུར་བ། ཕྱར་བ་གྲུ་འདེགས་ཁྲོད་ཡར་རྒྱས་བྱུང་བ་བཅས་ལས། ཕན་ཚུན་སེམས་མཐུན་དང་། ཕན་ཚུན་ལྷག་བསམ་ཟོལ་མེད། དྲང་བདེན་མཐའ་འཁྱོངས། འཆམ་མཐུན་རྩ་ཆེར་འཛིན་པ་བཅས་ཀྱི་ཐུན་མོང་རིན་ཐང་གི་དོན་གཉེར་མཚོན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལོ་རྒྱུས་ཀྱི་བློ་གྲོས་དང་བློ་སྟོབས་ཀྱང་མངོན་ཡོད་པས། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། ན་ནིང་ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། འདས་ཟིན་པའི་ལོ་50ཡི་རིང་། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་འབྱུང་འགྱུར་ལོ་50ཡི་ལོ་རྒྱུས་ཀྱི་རང་འགུལ་མུ་མཐུད་སྟངས་འཛིན་བྱས་ནས་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་པ་དང་ས་ཁུལ་དར་རྒྱས་བརྟན་ལྷིང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་དགོངས་འཆར་གསུམ་བཏོན་གནང་བ་སྟེ།

    གཅིག འཐབ་ཇུས་རང་བདག་མཐའ་འཁྱོངས་བྱས་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་སྤེལ་དགོས། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱིས་རང་ཚུགས་རང་དར་མཐའ་འཁྱོངས་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱས་ཏེ་མུ་མཐུད་ལག་གདང་སྦྲེལ་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ལམ་བུར་བསྐྱོད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ཕྱི་འབྲེལ་དང་རྒྱལ་སྲུང་གི“2+2”གླེང་མོལ་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། འགོག་སྲུང་ལས་དོན། ཁྲིམས་སྒྱུར་བཅས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་དགོས།

གཉིས། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་ལས་ཀྱི་ཚད་ཤིང་གཏོད་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་མ་ལེ་ཞི་ཡའི“དཔལ་འབྱོར་དར་རྒྱས”ཀྱི་འཆར་གཞི་དང་དམིགས་ཡུལ་གཅིག་པ་ཡིན།

     ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ། གྲངས་གཞིའི་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀྱི་མ་འཇོག་ལ་སྐུལ་འདེད་གཏོང་དགོས། ལྕགས་ལམ་དང་མཚོ་ཐོག་མཉམ་དུ་སྐྱེལ་འདྲེན་བྱ་རྒྱུར་སྐུལ་འདེད་བཏང་ནས“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”ཀྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་བྱས་ཏེ་མ་ལེ་ཞི་ཡའི་གྲུ་ཁ་གལ་ཆེན“སྐམ་མཚོའི་བགྲོད་ལམ་གསར་པའི”ལྟེ་གནས་གལ་ཆེན་དུ་བསྐྲུན་དགོས།

    གསུམ། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟབ་ཏུ་གཏོང་དགོས། “རུའུ་ལུགས་དང་དབྱི་སི་ལམ་གྱི་ཤེས་དཔལ་གླེང་མོལ”མཉམ་ལས་སྤེལ་ནས་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་རིམ་པའི་ཤེས་དཔལ་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་དགོས། ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་གོ་སྐབས་སུ་བྱས་ནས་ཡུལ་སྐོར་དང་། གཞོན་ནུ། ས་གནས་བཅས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་དང་། སློབ་གསོ། ལུས་རྩལ། གློག་བརྙན། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་དོམ་ཁྲ་སྲུང་སྐྱོང་གི་མཉམ་ལས་ཞིབ་འཇུག་མུ་མཐུད་ཡག་པོ་སྤེལ་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ད་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བརྗོད་དོན་གཙོ་བོ“བསྟུན་མཁས་རང་བཞིན་དང་རྒྱུན་མཐུད་རང་བཞིན”དུ་གཏན་འཁེལ་བྱས་པ་དེ་ཐོག་ནས་དུས་བབ་ལ་གསལ་རྟོགས་གཏིང་ཟབ་ཐུབ་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་རིམ་སྤོར་གྲོས་ཆོད་ཡི་གེར་སྔ་ཙམ་མིང་རྟགས་བཀོད་ནས་སྒོ་དབྱེ་བསྟུན་མཁས་དང་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས“འབྲེལ་གཅོད་ཕྲེང་གཏུབ”དང“ཁང་ཆུང་གྱང་མཐོ”དང་སྒོ་ཁྲལ་གང་བྱུང་དུ་བསྡུ་བའི་རིགས་བཀག་འགོག་གིས། ཞི་བདེ་དང་། མཉམ་ལས། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བར་བརྟེན་ནས་ཆེ་བས་ཆུང་བར་བརྙས་བཅོས་བྱེད་པར་འགོག་རྒོལ་བྱེད་པ་དང་། ཨེ་ཤེ་ཡའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པའི་རྣམ་པར་ཁ་གཏད་གཅོག་འདོད་ཡོད།

    ཨན་ཝར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་མ་ལེ་ཞི་ཡར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། དུས་ཡུན་རིང་པོའི་ནང་ཀྲུང་གོས་མ་ལེ་ཞི་ཡར་ལྷག་བསམ་ཟོལ་མེད་ངང་རོགས་རམ་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་སྐྱིད་སྡུག་མཉམ་ཁུར་བྱས་པས་མ་ལེ་ཞི་ཡའི་བློས་འགེལ་ཆོག་པའི་གྲོགས་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འགོ་ཁྲིད་གནང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་བྱས་པ། ཐུན་མོང་དར་རྒྱས་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དར་སྤེལ་བཅས་གནང་བས་དེང་སྐབས་འཛམ་གླིང་ཐོག་ཁྱད་དུ་འཕགས་པའི་འགོ་ཁྲིད་ཞིག་ཡིན། མ་ལེ་ཞི་ཡའི་མི་དམངས་ཀྱིས་ཀྲུང་གོ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་བཀུར་ཞུ་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་རིང་ཐོབ་པའི་ཟིན་ཐོ་གསར་པ་བཏོད་པའི་མཉམ་ལས་གྲུབ་འབྲས་ནི་མ་ལེ་ཞི་ཡ་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་མ་ལེ་ཞི་ཡ་ཕྱོགས་ལ་སྐུལ་ལྕག་ཆེན་པོའང་ཐེབས་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང“ཐའེ་དབན་རང་བཙན”གྱི་བྱེད་སྤྱོད་གང་རུང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ཟབ་ཏུ་བཏང་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་རྒྱ་ཆེར་བཏང་ནས་ཀྲུང་གོའི་ཁེ་ལས་མ་ལེ་ཞི་ཡར་མ་འཇོག་ལས་དར་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། མ་ལེ་ཞི་ཡ་ཕྱོགས་དང་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དེ་བས་ཆེ་བ་མངོན་འགྱུར་ཡོང་བར་རོགས་རམ། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས་མི་དམངས་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ། དབྱི་སི་ལམ་གྱི་ཤེས་རིག་དང་རུའུ་ལུགས་ཀྱི་ཤེས་རིག་དབར་སྤེལ་རེས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་རྐྱང་རིང་ལུགས་ཐོན་འགོ་ཚུགས་པའི་སྐབས་སུ་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད། ཕྱོགས་རྐྱང་པའི་སྒོ་ཁྲལ་སྣོན་བསྡུའི་བྱེད་སྟངས་གང་རུང་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མོས་མཐུན་བྱེད་མི་སྲིད་པ་དང་མཉམ་ལས་མཉམ་འབྲེལ་ལ་བརྟེན་ནས་རང་སྟོབས་ཡོང་བ་བྱས་ཏེ་དཔལ་འབྱོར་འཕར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    གྲོས་མོལ་གནང་འཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་30ལྷག་ཙམ་བརྗེ་རེས་བྱས་པར་དཔང་པོ་གནང་བ་དང་དེའི་ནང་གོ་ལ་ཧྲིལ་པོའི་གྲོས་འགོའི་མཉམ་ལས་ཆེན་པོ་གསུམ་དང་། “རུའུ་ལུགས་དང་དབྱི་སི་ལམ་གྱི་ཤེས་རིག་སྤེལ་རེས” གྲངས་འཛིན་དཔལ་འབྱོར། ཞབས་ཞུའི་ཚོང་དོན། “རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”རིམ་སྤོར་འཕེལ་རྒྱས། མཉམ་འབྲེལ་ཚོད་ལྟ་ཁང་། མི་ཐབས་རིག་ནུས། ལྕགས་ལམ། ཤེས་བྱའི་བདག་དབང་། ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་། ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་འཐུས་མཆན་འགོད་མི་དགོས་པ། དོམ་ཁྲ་སྲུང་སྐྱོང་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད།

    ཕྱོགས་གཉིས་པོས《ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མ་ལེ་ཞི་ཡའི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    དེ་ཉིན་གྱི་དགོང་མོར་ཨན་ཝར་གྱིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས་པ་རེད།

    ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།