རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-23   རྩོམ་ཁུངས།    མི་དམངས་དྲ་བ།
མགྱོགས་ཐུག་གི་ཐད་དུ“གོ་ནོར་བྱུང་ས”གཉིས་ཡོད།
གོ་ནོར་དང་པོ། རུལ་འགོག་རྫས་འབོར་ཆེན་བསྣན་པའི་རྐྱེན་གྱིས། མགྱོགས་ཐུག་གི་སྤུས་ཚད་འགན་ལེན་དུས་ཡུན་རིང་།
མགྱོགས་ཐུག་མང་ཆེ་བར་རུལ་འགོག་རྫས་མ་བསྣན་ན་ཡང་ཟླ་བ་6ཡན་གྱི་སྤུས་ཚད་འགན་ལེན་དུས་ཡུན་རྒྱུན་འཛིན་བྱེད་ཐུབ། འདི་ནི་གཙོ་བོ་མགྱོགས་ཐུག་ལ་ཆུ་འདོར་བཟོ་རྩལ་སྤྱད་པ་དང་དམ་སྦྱར་ཐུམ་སྒྲིལ་བྱས་པ་ལས་རུལ་འགོག་རྫས་ལ་བརྟེན་པ་མིན། ནམ་རྒྱུན་མགྱོགས་ཐུག་དྲོད་ཚད་མཐོ་བའི་སྣུམ་ནང་བཙོས་ནས་ཆུ་འདོར་བའམ་ཡང་ན་དྲོད་རླུང་གིས་སྐམ་བཟོ་བྱེད་པ་སོགས་ལས་སྣོན་བཟོ་རྩལ་བཀོལ་ཡོད། བཟོ་རྩལ་གང་ཞིག་ཡིན་རུང་མགྱོགས་ཐུག་གི་ཆུའི་འདུས་ཚད་ཧ་ཅང་དམའ་བར་གྱུར། ཞིབ་འཇུག་གཞི་གྲངས་ལྟར་ན། སྣུམ་བཙོས་ཐུག་པའི་ཆུའི་འདུས་ཚད་ནི་2%ནས་5%ལས་མེད་པ་དང་། སྣུམ་བཙོས་མ་ཡིན་པའི་ཐུག་པའི་ཆུའི་འདུས་ཚད་ནི་8%ནས་12%ཡིན། ཁོར་ཡུག་སྐམ་པོ་འདི་འདྲར་སྐྱེ་དངོས་ཕྲ་རབ་(དཔེར་ན་འབུ་ཕྲ་དང་རླམ་སྲིན་ལྟ་བུ)གསོན་དཀའ་ལ་སྐྱེ་འཕེལ་བྱེད་དཀའ་བས། མགྱོགས་ཐུག་ལ་རུལ་འགོག་རྫས་བསྣན་ནས་སྤུས་ཚད་འགན་ལེན་དུས་ཡུན་ཇེ་རིང་དུ་གཏོང་མི་དགོས།
གོ་ནོར་གཉིས་པ། མགྱོགས་ཐུག་ནི་སྣུམ་བཙོས་ཡིན་པས། ལུས་ལ་གནོད་ཅིང་སྐྲན་ནད་སློང་ངེས།
མགྱོགས་ཐུག་ལ་སྣུམ་བཙོས་དང་སྣུམ་བཙོས་མ་ཡིན་པ་རིགས་གཉིས་ཡོད། “སྣུམ་བཙོས་མགྱོགས་ཐུག་ཀྱིས་སྐྲན་ནད་སློང་པའི”སྐོར་གྱི་བཤད་ཚུལ་ནི་གཙོ་བོ་སྣུམ་བཙོས་མགྱོགས་ཐུག་ལས་བྱུང་བའི་ཞཱི་ཤན་ཨན་ག་པ་ལ་སེམས་ཁྲལ་བྱས་པ་ལས་བྱུང་བ་ཡིན། ཞཱི་ཤན་ཨན་ག་པ་ནི་2Aརིགས་ཀྱི་སྐྲན་ནད་སློང་རྫས་སུ་གཏོགས། སྲོག་ཆགས་ཀྱི་དངོས་བཤེར་ལས་སྐྲན་ནད་སློང་བའི་རང་བཞིན་ར་སྤྲོད་བྱས་ཡོད་མོད། འོན་ཀྱང་མིའི་རིགས་ཐད་ཀྱི་དཔང་རྟགས་འདང་ངེས་མེད།
ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། འགྲོ་བ་མིའི་ཞཱི་ཤན་ཨན་ག་པ་བཟོད་ཚད་ནི་ཉིན་རེར་ལུས་པོའི་ལྗིད་ཚད་སྟོང་ཁེ་རེར་ཝེ་ཁེ་2.6~16ཡིན། ཞིབ་འཇུག་གི་མཇུག་འབྲས་གཞན་ཞིག་ལས་མངོན་པ་ལྟར་ན། མགྱོགས་ཐུག་གི་ཞཱི་ཤན་ཨན་ག་པའི་ཆ་སྙོམས་འདུས་ཚད་ནི་ཝེ་ཁེ་/སྟོང་ཁེ་54.4ཡིན། མགྱོགས་ཐུག་ཐུམ་གཅིག་གི་ལྗིད་ཚད་ཁེ་90ལྟར་བརྩིས་ན། དེའི་ནང་དུ་འདུས་པའི་ཞཱི་ཤན་ཨན་ག་པ་ནི་ཧ་ལམ་ཝེ་ཁེ་4.9ཡིན། གལ་ཏེ་མགྱོགས་ཐུག་ཁོ་ནར་བལྟས་ན། ཉིན་རེར་ཐུམ་31ལྷག་ཟོས་ན་ད་གཟོད་ཚད་ལས་བརྒལ་སྲིད་པས།སེམས་ཁྲལ་བྱེད་མི་དགོས།
གནོད་མེད་ཀྱི་སྒོ་ནས་མགྱོགས་ཐུག་འཐུང་བར་དོན་ཚན་འདི་2བློ་ལ་ངེས་དགོས། མགྱོགས་ཐུག་ལ་འཚོ་བཅུད་ལྡན་མིན་གཙོ་བོ“ཁ་ཕྱེ་སྟངས”ལ་རག་ལས་ཡོད།
1.སྤྲི་དཀར་རྫས་དང་སྔོ་ཚལ་རིགས་སྡེབ་སྒྲིག་བྱེད་དགོས།
སྤྲི་དཀར་རྫས་དང་སྔོ་ཚལ་རིགས་སྡེབ་སྒྲིག་བྱས་ན་འཚོ་བཅུད་སྔར་བས་མང་བ་ཁག་ཐེག་བྱེད་ཐུབ། སྤྱི་འགྲོས་འདི་ཡིད་ལ་འཛིན་ཆོག་སྟེ། མགྱོགས་ཐུག(ཐུམ་1)+སྤྲི་དཀར་རྫས་ཟས་རིགས(ཁེ་50)+སྔོ་ཚལ་(ཁེ་100-150)
2. བྲོ་རྫས་ཁུག་མ་བཀོལ་སྤྱོད་འོས་འཚམ་བྱེད་པ་དང་ཐུག་པའི་ཁུ་བ་ཉུང་ཙམ་འཐུང་།
མགྱོགས་ཐུག་ཕོར་པ་གང་ལ་ཕལ་ཆེར་ཞག་ཚིལ་ཁེ་25དང་ཚྭ་ཁེ་5-7.5ཙམ་འདུས་ཡོད་པས། བྲོ་རྫས་ཁུག་མ་བཀོལ་སྤྱོད་འོས་འཚམ་བྱེད་པ་དང་ཐུག་པའི་ཁུ་བ་ཉུང་ཙམ་འཐུང་བ་ལས་ཚང་མ་འཐུང་མི་རུང་།