སྣ་མང་ཕུན་སུམ་ཚོགས་པའི་བདེ་ཆེན་གྱི་བཟའ་བཏུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བདེ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱིས་ས་འདིར་ཕུན་སུམ་ཚོགས་པའི་ཐོན་དངོས་གནང་ཡོད། འདི་གར་མི་རིགས་26འཚོ་སྡོད་བྱེད་ཀྱི་ཡོད་པས་མི་རིགས་ཁག་གི་སྤུན་ཟླ་ཁྱིམ་ཚང་གཅིག་དང་འདྲ་བར་སྙིང་ཉེ་བོ་ཡོད། མི་རིགས་མི་འདྲ་བའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་ཀྱིས་བདེ་ཆེན་གྱི་ལྕེ་རྩེ་སྟེང་གི་བྲོ་བ་གྲུབ་ཡོད།

ས་མཐོའི་དུས་བཞིའི་བྲོ་བ།

    དུས་བཞིའི་བརྗེ་རེས་ཁྲོད་དུ། བདེ་ཆེན་བས་སྐུ་མགྲོན་ལ་སྣེ་ལེན་བྱེད་པའི་ཅོག་ཙེའི་སྟེང་དུ་སྔོ་ཚལ་གྱི་ཁ་མདོག་ནི་དུས་ཚིགས་དང་རང་བྱུང་ཁམས་ཆེན་མོའི་ལེགས་སྐྱེས་བསྩོལ་ལ་བརྟེན་ཏེ་འགྱུར་ལྡོག་འབྱུང་གི་ཡོད། དཔྱིད་ཀྱི་དུས་ལ། འབྲི་ཆུའི་འགྲམ་རྒྱུད་དུ་ཀུ་ཀུ་ཤ་མོ་སྐྱེས་པའི་འགོ་བརྩམས་པ་དང་།  དབྱར་སླེབས་པ་ན། རི་སྐྱེས་སྔོ་ཚལ་དང་རི་སྐྱེས་ཤ་མོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་ཐོན་གྱི་ཡོད། སྟོན་ཁར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲི་ཆུའི་འགྲམ་གྱི་འབྲས་ཞིང་ནང་གི་ཉ་མོ་ཚོ་ཞིང་བྲོ་བ་ཞིམ་ལ།  འབའ་ལུང་རྫོང་ཕན་ཐེན་སྒང་ཤང་གི་འབྲས་ནག་བརྔ་བསྡུ་བྱེད་པའི་དུས་ལ་འཁེལ་ཡོད།  

    དེ་རིང་གི་བདེ་ཆེན་དུ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཉི་ཤར་གྱི་བྱ་ཤ་དང་འཇོལ་རྫོང་གི་བོད་ཟས་སོགས་ཁྱད་ཆོས་ལྡན་པའི་ཞིམ་ཟས་ལ་དགའ་པོ་བྱེད་ཀྱི་ཡོད། སེམས་ཀྱི་ཉི་ཟླའི་ཤ་སྐམ་དང་འཇོལ་རྫོང་གི་སྦྲང་རྩི་སོགས་ཞིང་ལས་ཞོར་རྫས་ཀྱང་“རིག་གནས་ཡུལ་སྐོར་དང་གློག་རྡུལ་ཚོང་དོན”ལ་བརྟེན་ནས་ས་མཐོའི་གྲོག་རོང་ནས་འཕུར་ཏེ་གྲོང་ཁྱེར་གྱི་ཅོག་ཙེའི་སྟེང་དུ་ཚུགས་ཡོད།

 རྟགས་ཅན་རྙིང་པ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ནས་ཐོན་པའི་རྫ་ཁོག་ནང་ནས་ཟས་རྒྱུ་གང་རུང་བཙོ་ཐུབ། ཉི་ཤར་བའི་མིག་ནང་དུ་བཟའ་བཅའ་གང་འདྲ་ཞིག་ཡིན་རུང་རྫ་ནག་བཟང་པོ་སྤྱད་དེ་གཡོས་སྦྱོར་བྱས་ཚེ་གཞི་ནས་བཟའ་བཅའི་རྒྱུ་ཆའི་སྔར་ཡོད་ཀྱི་བྲོ་བ་ཆེ་ཤོས་ཐོན་ཐུབ། ས་འདི་གའི་རྫ་ནག་ནང་བསྐོལ་བའི་བྱ་ཤ་ལ་སྔ་མོ་ནས་བདེ་ཆེན་ཡུལ་དུ་སྐད་གྲགས་ཆོད་ཡོད།

    ལོ་20ལྷག་གི་གོང་ལ་ཉི་ཤར་ཐང་སྟོད་གྲོང་ཚོའི་བསོད་ནམས་གཡང་འཛོམས་ཀྱིས་རྒྱལ་ལམ་214འགྲམ་དུ་ཉི་ཤར་རྫ་ནག་བྱ་ཤའི་ཟ་ཁང་གཉེར་འགོ་བརྩམས་པ་དང་།  ཁོ་མོའི་ཟ་ཁང་ནི་བདེ་ཆེན་ས་གནས་ཀྱི་མི་རྣམས་ཀྱིས་ཉི་ཤར་བྱ་ཤའི་བྲོ་བ་མྱོང་བའི་གནས་ཡག་པོ་ཞིག་ཏུ་གྱུར་ཡོད།  ཉི་ཤར་བྱ་ཤ་དང་ཉི་ཤར་གྱི་སེ་པན་སོགས་ཀྱིས་མི་མང་བོ་ཞིག་གི་བཟའ་བཏུང་ལོངས་སྤྱོད་ཀྱི་ཡིད་སེམས་ཚིམ་དུ་བཅུག་ཡོད།    དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་དེང་སྐབས། རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་ཁྱད་ཆོས་ལྡན་པའི་བོད་ཟས་ཁང་སྣ་ཚོགས་མང་པོ་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀླུ་ཆུའི་བྱང་ལམ་དུ་གནས་པའི་བཀྲ་ཤིས་ཁ་བཏགས་བོད་ཟས་ཁང་ནང་སྲོལ་རྒྱུན་གྱི་སེམས་ཀྱི་ཉི་ཟླའི་བོད་ལུགས་ཀྱི་མཛེས་བཟོ་ཉམས་འགྱུར་ཞིག་ལྡན་པ་དང་ཅོག་ཙེ་རེ་རེར་བོད་ལུགས་ཀྱི་འབོལ་ཁྲི་བཞི་སྒྲིག་སྦྱོར་བྱས་ཡོད་ཅིང་། སྐུ་མགྲོན་གྱི་ཡིད་དབང་འགུག་ས་ནི་དེ་གའི་དམིགས་བསལ་གྱི་བྲོ་བ་ལས་བྱུང་བ་ཞིག་རེད། ཕལ་ཆེར་ཅོག་ཙེ་རེ་རེས་མར་ཇ་རེ་རེ་འདེམས་ཀྱི་ཡོད། དགུན་དུས་ཅོག་ཙེ་རེ་རེར་ད་དུང་མེ་ཐབ་སྡེབ་སྦྱོར་བྱེད་ཀྱི་ཡོད་པ་དང་ཟ་མ་གཙོ་བོ་ནི་རླངས་བཙོས་གོ་རེ་དང་ནས་བག   འཇོལ་གྱི་ཤ་ཚོད་སོགས་ཡོད།   དཔྱིད་དུས་དང་དབྱར་དུས་སུ་ས་གནས་དེ་གའི་རི་སྐྱེས་སྔོ་ཚལ་དང་ཤ་མོ་སྣ་ཚོགས་རིམ་བཞིན་ཐོན་ནས་ཀུན་གྱི་ཁ་ཟས་སུ་འགྱུར་གྱི་ཡོད་ལ། རྩིབས་ཤ་དང་སྐམ་ཤ་སོགས་སྲོལ་རྒྱུན་གྱི་ཟས་རིགས་ལའང་དགའ་མཁན་མང་དུ་མཆིས།  

  སྲོལ་རྒྱུན་བཟའ་བཏུང་གསར་གཏོད་འཕེལ་རྒྱས། 

    སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བཟའ་བཏུང་ལས་རིགས་ལའང་རྒྱུན་ཆད་མེད་པར་གསར་གཏོད་དང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དཔེར་ན། སྨིན་དྲུག་ལྷ་མོའི་བོད་ཟས་ཡིན་ན་ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་མཛེས་བཟོ་ཉམས་འགྱུར་གྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད། ཟ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ཟས་རིགས་ལ་བླང་བྱ་མཐོན་པོ་བཏོན་ཚེ་གཞི་ནས་ཟ་མོ་བ་ཚོའི་དགའ་བསུ་དང་འཚམ་ཐུབ། ཟ་ཁང་གིས་བདམས་པའི་བཟའ་བཅའ་ཚང་མ་ནི་ས་གནས་དེ་གའི་བཟའ་བཅའ་གསར་བ་ཡིན། ཤ་ཚང་མ་རི་མགོ་ནས་གསོས་བའི་གཡག་ཤ་དག་མ་ཡིན། མཐོ་སྒང་གི་ནས་དང་ཕྱུགས་ར་ནས་ཐོན་པའི་མར་སོགས་ཇ་མའི་གཡོས་སྦྱོར་བརྒྱུད་ནས་ཀུན་གྱིས་དང་དོད་དང་བསྟོད་བསྔགས་བྱེད་པའི་ཟས་མཆོག་ཏུ་གྱུར་ཡོད།  

    རྡོ་མཁར་རྫོང་དུ་གནས་པའི་བོད་སྐྱིད་ནུ་འོ་ཇ་ཚོང་ཁང་ནི་བདེ་ཆེན་ས་མཐོའི་རང་ཡུལ་གྱི་གསར་གཏོད་འོ་ཇ་ཚོང་ཁང་ཞིག་ཡིན་ཞིང་།དེ་ནི་བདེ་ཆེན་གྱི་རང་ཡུལ་གྱི་བཟའ་བཅའ་དང་། འཁྱགས་ཆང་། འབྲོག་པའི་འོ་ཞོ། ནས་ཀྱི་བག་ལེབ་སོགས་རྒྱུ་ཆ་གཙོ་བོར་བྱས་ཏེ་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། བཏུང་བྱ་དང་མངར་ཟས་མི་འདྲ་བ་སྡེབ་སྒྲིག་བྱས་ཡོད་པས་གཞོན་ནུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།