ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་དང་མཇལ་འཛོམས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

        ཟླ་4ཚེས་17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཕ་ནོམ་ཕེན་གྱི་རྒྱལ་པོའི་ཕོ་བྲང་དུ་མཇལ་འཛོམས་གནང་བ

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་ཕྱི་དྲོར། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཕ་ནོམ་ཕེན་གྱི་རྒྱལ་པོའི་ཕོ་བྲང་དུ་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་དེ་གར་འབྱོར་སྐབས་ཤིས་ཧཱ་མུའུ་ཉི་ཡིས་རླངས་འཁོར་ནས་བབས་ཕེབས་སར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་དང་གུས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ནས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཁྲིར་འཁོད་ནས་ལོ་20འཁོར་བ་དང་ཁམ་ཕུ་ཁྲེའི་ལོ་གསར་སྐབས་སུ་གདན་ཞུས་ལྟར་མཛེས་སྡུག་ལྡན་པའི་ཁམ་ཕུ་ཁྲེར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁམ་ཕུ་ཁྲེའི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པས། རྒྱལ་པོ་ཤིས་ཧཱ་མུའུ་ཉིའི་མགོན་སྐྱབས་འོག་བརྩོན་འགྲུས་དང་བློ་གྲོས་ལྡན་པའི་ཁམ་ཕུ་ཁྲེའི་མི་དམངས་ཀྱིས་རྒྱལ་ཁབ་སྔར་བས་དར་རྒྱས་སྟོབས་འབྱོར་ལྡན་པར་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཁམ་མཛའ་གྲོགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་ཀས་འབད་བརྩོན་དང་ཕན་ཚུན་ལ་གྲུབ་འབྲས་ཐོབ་པ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱིས་ཡིད་ཆེས་བརྟན་སྲུང་དང་ལྟ་རེས་སྐྱོང་རེས་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་རྒྱལ་ཁབ་ཆེ་ཆུང་ལ་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ལྷག་བསམ་ཟོལ་མེད་ངང་ཕན་ཚུན་ཡིད་ཆེས་བྱེད་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་ཁམ་རྒྱལ་ཁབ་གཉིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་མདུན་གྲལ་དུ་བསྐྱོད་ནས་ཁམ་ཕུ་ཁྲེའི་དམངས་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་དབར་གྱི་མཛའ་གྲོགས་ལ་གཅེས་འཛིན་བྱེད་པ་དང་ལོ་མང་རིང་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་གིས་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། དུས་བབ་གསར་པའི་འོག་ཀྲུང་ཁམ་ཕྱོགས་གཉིས་པོས་ཀྲུང་གོའི་འགོ་ཁྲིད་པ་རྒན་རབས་དང་གོང་མའི་ཨ་ཕྱི་ཤིས་ཧཱ་ནུའུ་ཁེས་མཉམ་དུ་བཏོད་པའི་ཀྲུང་ཁམ་མཛའ་གྲོགས་བློས་ཐུབ་ལ་གཅེས་འཛིན་དང་རྒྱུན་འཛིན་བྱས་ཏེ་ཀྲུང་ཁམ་ལས་དབང་གཅིག་མཐུན་ཚོགས་པར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་རྩར་ཞབས་འདེགས་ཞུ་དགོས། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་བརྟན་ལྷིང་རྒྱུན་འཁྱོངས་དང་། འཕེལ་རྒྱས་མགྱོགས་སུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱས་ནས་རང་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁམ་ཕུ་ཁྲེ་སོགས་མཐའ་འཁོར་རྒྱལ་ཁབ་ལ་གོ་སྐབས་དེ་བས་མང་བ་ཐོབ་ཐུབ་རྒྱུར་ཡིད་ཆེས་ཡོད་ལ། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཁམ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བརྗིད་ཉམས་ལྡན་པའི་ལེའུ་ཞིག་རྩོམ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཤིས་ཧཱ་མུའུ་ཉི་ཡིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་དང་། གྲོས་ཁང་གོང་མ། སྲིད་གཞུང་། མི་དམངས་ཡོངས་བཅས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཤིས་ཧཱ་མུའུ་ཉིས་གསུངས་དོན། ཁམ་ཀྲུང་དབར་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱིས་དངོས་སུ་བཏོད་གནང་བ་དང་གསོ་སྐྱོང་བྱས་པ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བ་དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས། ཡར་ངོའི་ཟླ་བཞིན་འཕེལ་བ་དང་ལོ་ལྟར་གྲུབ་འབྲས་ཐོན་བཞིན་ཡོད་ཅེས་བརྗོད་ཆོག ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་བྱས་པ་དེས་ཁམ་ཕུ་ཁྲེར་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བློས་ཐུབ་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང“ཕ་ལམ་མཐའ་དྲུག”གི་མཉམ་ལས་སྒྲོམ་གཞི་ཕུན་སུམ་ཚོགས་སུ་བཏང་སྟེ། ཁམ་ཀྲུང་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་དང་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    ཤིས་ཧཱ་མུའུ་ཉིས་ཞི་ཅིན་ཕིང་ལ“ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མི་རིགས་རང་བཙན་གྱི་མགུལ་རྒྱན་ཆེན་པོ་རིམ་པའི་བྱས་རྗེས་གཟེངས་རྟགས”གནང་བ་རེད།

    ཤིས་ཧཱ་མུའུ་ཉིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་དམིགས་བསལ་གྱི་མཛའ་གྲོགས་བརྩེ་དུང་བཅངས་ནས་ཁམ་ཀྲུང་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད་པས། ཁམ་ཕུ་ཁྲེའི་རླབས་ཆེན་གྱི་གྲོགས་པོ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་པ་དང་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་གལ་འགངས་ཆེ་བ་འདོན་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། བྱས་རྗེས་གཟེངས་རྟགས་དེའི་ཐོག་ནས་ཁམ་ཕུ་ཁྲེས་ཀྲུང་ཁམ་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཁམ་ཕུ་ཁྲེའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་གྱི་ཡོད། གཟི་བརྗིད་མཚན་སྙན་དེ་རང་ཉིད་ལ་དབང་བ་མ་ཟད། ཀྲུང་ཁམ་མཛའ་གྲོགས་ཀྱི་ཆེད་དུ་འབད་བརྩོན་བྱེད་མཁན་མཛའ་གྲོཌ་མི་སྣ་ཚང་མར་ཡང་དབང་བ་ཞིག་རེད།

    ཉིན་དེའི་དགོང་མོར། ཤིས་ཧཱ་མུའུ་ཉིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།