ཞི་ཅིན་ཕིང་ཕ་ནོམ་ཕེན་དུ་ཕེབས་འབྱོར་ཟིན་ནས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་ནོམ་ཕེན་དུ་ཕེབས་འབྱོར་ཟིན་ཞིང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཡི་གདན་ཞུས་ལྟར་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བ་རེད། རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཡིས་ཆིན་ཝང་ཤཱ་ཁཱ་ཕེང་དང་ཨ་ལུན་ཀོང་ཇོ་སོགས་རྒྱལ་རྒྱུད་ཀྱི་ཁོངས་མི་དང་། མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཆན་ཡེ་དང་། དེ་བཞིན་ཀུའོ་སུའོ་ཕཱ་དང་། པུའུ་ལཱ་སུའོ་ཁུན། ཧན་ཁྲུན་ནཱ་ལུའོ། ཧྲའོ་སུའོ་ཁཱ། ཧུང་མཱ་ཉི་སོགས་དབུ་བཞུགས་བློན་ཆེན་གཞོན་པ་ལྔ་བཅས་ཀྱི་སྣེ་ཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བར་བཅར་ཡོད། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཧཱ་མུའུ་ཉི་དང་མཛའ་བརྩེའི་ངང་ཕྱག་གཏོང་བཞིན་པའི་གནས་ཚུལ་ཡིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་ནོམ་ཕེན་དུ་ཕེབས་འབྱོར་ཟིན་ཞིང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཡི་གདན་ཞུས་ལྟར་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཤིས་ཧཱ་མུའུ་ཉི་ཡིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཧཱ་མུའུ་ཉིའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཕ་ནོམ་ཕེན་དུ་ཕེབས་འབྱོར་ཟིན་ནས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཡི་གདན་ཞུས་ལྟར་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཕ་ནོམ་ཕེན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཡིས་ཆིན་ཝང་ཤཱ་ཁཱ་ཕེང་དང་ཨ་ལུན་ཀོང་ཇོ་སོགས་རྒྱལ་རྒྱུད་ཀྱི་ཁོངས་མི་དང་། མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཆན་ཡེ། དེ་བཞིན་ཀུའོ་སུའོ་ཕཱ་དང་། པུའུ་ལཱ་སུའོ་ཁུན། ཧན་ཁྲུན་ནཱ་ལུའོ། ཧྲའོ་སུའོ་ཁཱ། ཧུང་མཱ་ཉི་སོགས་དབུ་བཞུགས་བློན་ཆེན་གཞོན་པ་ལྔ་ཡིས་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། གུས་དམག་རྣམས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ཡོད་པ་དང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་གི་ཀྲེན་ནཱ་ཀོང་ཇོ་ཡིས་ཞི་ཅིན་ཕིང་ལ་བ་སྤུ་མེ་ཏོག་གི་ལག་གདུབ་ཕུལ་བ་དང་། གཞོན་ནུ་མས་ཕེབས་ལམ་དུ་ས་གདན་དམར་པོའི་སྟེང་དུ་མེ་ཏོག་སྟོར་བ་རེད།

    ཤིས་ཧཱ་མུའུ་ཉི་ཡིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གིས་ཤིས་ཧཱ་མུའུ་ཉིའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕར་ཕྱོགས་ཀྱི་ཕེབས་རོགས་ཞུ་མཁན་རེ་རེ་བཞིན་ལ་ཕྱག་བཏང་ནས་གུས་ལན་ཞུས་པ་རེད།

    ས་གནས་དེ་གའི་དམངས་ཚོགས་བརྒྱ་གྲངས་ལྷག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱེད་བཞིན“ཁམ་ཀྲུང་མཛའ་གྲོགས་དང་། མཐུན་སྒྲིལ། མཉམ་ལས་བཅས་ཁྲི་ལོར་བརྟན་པར་ཤོག”སོགས་ཀྱི་ནང་དོན་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་བཟུང་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཁམ་ཕུ་ཁྲེའི་སྲོལ་རྒྱུན་ལོ་གསར་སྐབས་སུ་ཁམ་ཕུ་ཁྲེ་སྲིད་གཞུང་དང་མི་དམངས་ལ་ལོ་གསར་པའི་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་གྲས་སྐུ་ངོ་མས་བཏོད་པ་དང་སྐྱོང་སྤེལ་ཞིབ་ཚགས་གནང་བ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་འཕོ་འགྱུར་དྲག་པོའི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་བྲག་རྡོ་བཞིན་བརྟན་པོ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐོག་མར་བསྐྲུན་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཐོག་མར་སྤེལ་བ། རང་སོ་སོའི་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་དང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཁྲོད་མཐུན་སྒྲིལ་མཉམ་ལས་བྱེད་པ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྱོང་བྱ་ཆེད་མིག་དཔེ་གཏོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བ་བཅས་བྱས་ཡོད། ངས་ཁམ་ཕུ་ཁྲེའི་འགོ་ཁྲིད་པ་དང་མཉམ་དུ་མཛའ་གྲོགས་སྐོར་གླེང་བ་དང་འཕེལ་རྒྱས་ལ་ཇུས་འགོད་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཕ་ལམ་ཟུར་དྲུག”གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་དྲང་ནུས་དེ་བས་མང་བ་སྦྱིན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ནང་ལྷན་དུ་ཕེབས་འབྱོར་ཟིན་པ་རེད།

    ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབང་ཝུན་པིན་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།

    ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། ས་གནས་དེ་གའི་དམངས་ཚོགས་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་མི་སྣ་དང་ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་མི་ཁྲི་གཉིས་ལྷག་ཙམ་འགྲོ་ལམ་གྱི་གཞོགས་གཉིས་སུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། ལག་ཏུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་སྐུ་པར་ཐོགས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།