ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་མཇལ་འཛོམས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཟླ་4ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་ཕ་ནོམ་ཕེན་གྱི་ཞི་བདེ་ཐོག་བརྩེགས་ཁང་ཆེན་དུ་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་ཕ་ནོམ་ཕེན་གྱི་ཞི་བདེ་ཐོག་བརྩེཌ་ཁང་ཆེན་དུ་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ་གྲོགས་པོ་བློས་ཐུབ་དེ་བས་ཀྱང་རེད། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཞིག་རེད། མིག་སྔར། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ཕྱོགས་གཉིས་པོས་མི་དམངས་ཀྱི་བདེ་རྩ་སེམས་སུ་འཇོག་པ་དང་མིའི་རིགས་ཀྱི་ཡར་ཐོན་བློ་ལ་བཅངས་ཏེ་རང་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རིང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་མིག་དཔེ་བཏོད་ནས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ལག་གདང་སྦྲེལ་ནས་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ལྡན་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁམ་ཕུ་ཁྲེའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཡིན་པ་ཀྲུང་གོ་ཕྱོགས་ལ་ཡིད་ཆེས་ཡོད་ལ། ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཁམ་ཕུ་ཁྲེའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་གཞོལ་བར་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་ཁམ་ཕུ་ཁྲེས་ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་དེ་བས་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་གསར་དུ་བཙུགས་པའི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི“2+2”འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ་འཐབ་ཇུས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་དམ་ཟབ་བྱས་ཏེ་ཁམ་ཕུ་ཁྲེའི“བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་རིང”དང“ཉ་དང་འབྲས་ཀྱི་ཁྱམས་རིང”འཛུགས་སྐྲུན་དང་དེ་བཞིན་ནུས་རྒྱུ་དང་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་བྱས་ཏེ། ཁམ་ཕུ་ཁྲེས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་མཉམ་སྤྱོད་ཐུབ་པ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཐད་ཁམ་ཕུ་ཁྲེ་ཕྱོགས་དང་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་དང་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མ་དང་རྒྱལ་ཚོགས་དབར་གྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། ཤེས་དཔལ་སྣ་མང་ཅན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནི་འགོག་ཐབས་བྲལ་བ་ཞིག་རེད་ལ། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་མི་སེམས་ཐོབ་མི་སྲིད་པས། སྒོ་སྡོམ་གྱི་ཁེར་ཆགས་གླིང་ཕྲན་དུ་ལོག་འདོད་ཡོད་པའི་རྒྱལ་ཁབ་གཅིག་ཀྱང་མེད་པ་ལོ་རྒྱུས་ལས་ར་སྤྲོད་བྱུང་ཡོད། ཚོང་དོན་འཁྲུག་རྩོད་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གཏོར་བཤིག་བཏང་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ལའང་རྡབ་རྡེག་བཏང་ཡོད་པས། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་སོ་སོའི་ལག་ཏུ་དམ་པོར་འཛིན་དགོས་པ་དང་། ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། ཨེ་ཤེ་ཡ་ཁྱོན་ཡོངས་དར་རྒྱས་གཏོང་བའི་འགོ་ཚུགས་ས་གསར་པའི་ཐོག་ནས། ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་དང་འཆམ་པོ་དང་ཁྱིམ་མཚེས་དང་འགྲོགས་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་མཐའ་འཁོར་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ལས་མཐའ་འཁོར་ལ་ཕན་པ་དེ་བས་མང་བ་བསྐྲུན་པ་དང་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མཉམ་དུ་ཨེ་ཤེ་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

    ཧུང་སེན་གྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་ནི་ཁམ་ཕུ་ཁྲེའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་ན་ནིང་གི་འཕར་སྣོན་དམིགས་ཚད་བདེ་བླག་ངང་བསྒྲུབས་པ་མ་ཟད། མི་རྣམས་ཀྱིས་དོ་སྣང་བྱེད་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་པར་ཁམ་ཕུ་ཁྲེ་ཕྱོགས་ནས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཁམ་ཕུ་ཁྲེའི་རྒྱབ་སྐྱོར་པ་བརྟན་ཤོས་དང་མཉམ་ལས་ཀྱི་རོགས་ཟླ་བློས་འཁེལ་ཤོས་ཤིག་ཡིན། ཀྲུང་གོའི་རྒྱབ་སྐྱོར་ལས་ཁམ་ཕུ་ཁྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཁམ་ཕུ་ཁྲེ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་ཐའེ་དབན་དང་། ཤིན་ཅང་། བོད་ལྗོངས་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཕྱོགས་གཏོགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་མཛའ་གྲོགས་བློས་ཐུབ་ཡོད་པས། རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས་ཚད་བརྒལ་གསར་པ་ཡོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། བདེ་སྡུག་མཉམ་མྱོང་། ལས་དབང་གཅིག་མཐུན་བཅས་བྱེད་རྒྱུའི་ཐག་བཅད་པ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཉོ་ཚོང་རྒྱ་ཆེར་གཏོང་བ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁམ་ཕུ་ཁྲེར་མ་འཇོག་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏིང་ཟབ་གཏོང་བ་བཅས་བྱེད་འདོད་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐད་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་འཛམ་གླིང་གི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ཚོང་དོན་འཁྲུག་རྩོད་དང་སྒོ་ཁྲལ་འཁྲུག་རྩོད་ཀྱིས་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་ཕན་ལ་གནོད་འཚེ་བཏང་ནས་རྒྱལ་སྤྱིའི་དུས་བབ་ལ་ཡོ་འཁྱོམ་བཟོས་པས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད།

    ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུཌ་པ་རེད།