རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཟླ་4ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ནོམ་ཕེན་གྱི་ཞི་བདེ་ཐོག་བརྩེགས་ཁང་ཆེན་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་གྲོས་མོལ་གནང་བ།
ཟླ་4ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ནོམ་ཕེན་གྱི་ཞི་བདེ་ཐོག་བརྩེགས་ཁང་ཆེན་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པར་དཔང་པོ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ནོམ་ཕེན་གྱི་ཞི་བདེ་ཐོག་བརྩེགས་ཁང་ཆེན་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་དང་2025ལོ་ནི“ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཡུལ་སྐོར་ལོ”ཡིན་པའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འགྱུར་མེད་ཀྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། ནང་སྐྱེས་སྒུལ་ཤུགས་ཆེན་པོ་བཅས་ལྡན་ཡོད།
རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་བསྐྱོད་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་རྦད་དེ་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཁམ་ཕུ་ཁྲེར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་དང་། ཁམ་ཕུ་ཁྲེ་སྲིད་གཞུང་ལ་བདེ་བླག་ངང་སྲིད་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་གལ་ཆེན་འདོན་པར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་འགོ་འཛུགས་ས་གསར་པར་བྱས་ཏེ། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པའི་བྱ་སྤྱོད་འཆར་གཞི་གསར་པ་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་མགྱོགས་པོ་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། སྤུས་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། རིམ་པ་དེ་བས་མཐོ་བའི་བདེ་འཇགས་འགན་ལེན་བརྟན་དུ་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་དེ་བས་མང་བ་བྱེད་པ། ཚད་གཞི་དེ་བས་མཐོ་བའི་འཐབ་ཇུས་མཉམ་ལས་ཤུགས་ཆེར་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ངང་བདེ་སྐྱིད་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲིད་གཞུང་དབར་གྱི་མཐུན་སྦྱོར་ཨུ་ལྷན་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི“2+2”ཀྱི་འཐབ་ཇུས་གླེང་མོལ་ཡག་པོ་གཉེར་བ་དང་། ཏང་དབར་དང་ཁྲིམས་འཛུགས་སྒྲིག་གཞི་སོགས་ཀྱི་ཐབས་ལམ་བརྒྱུད་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང“ཕ་ལམ་ཟུར་དྲུག”གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བར་ཁམ་ཕུ་ཁྲེར་མ་འཇོག་དང་། ཁམ་ཕུ་ཁྲེར་གཞི་ཁྱོན་ཆེ་བའི་ཁྲོམ་ར་སྒོ་དབྱེ། ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བཅས་བྱེད་པར་ལྕག་སྐུལ་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་མཛའ་བརྩེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཤེས་རིག་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་ལ་མུ་མཐུད་སྲིད་གཞུང་གི་སྦྱངས་ཐོན་གཟིགས་བཟོས་མཁོ་འདོན་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེའི་གཞོན་ནུའི་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར། ས་གནས་དང་། སྨྱན་སྦྱོར། ཇུས་འདོན་ཚོགས་པ་བཅས་དབར་སྤེལ་རེས་དེ་བས་མང་བ་བྱེད་པར་ལྕག་སྐུལ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་རྒྱུན་གཏན་གྱི་འགྲོ་འོང་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པས་ཞི་བདེ་དང་། མཐུན་སྒྲིལ། མཉམ་ལས་བཅས་ཀྱི་ཐུན་མོང་རིན་ཐང་དོན་གཉེར་བརྟན་སྲུང་དང་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་ཀྱི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས། ཚོགས་པའི་ཁ་གཏད་དང་དཔུང་ཤོག་གི་ཁ་གཏད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ལན་ཚང་ཆུ་བོ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་སྒྲོམ་གཞིའི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་དེ་གའི་ལས་སླ་པོར་ཐོབ་པ་ཞིག་མིན་པའི་ཞི་བདེ་འཕེལ་རྒྱས་ཀྱི་རྣམ་པ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཧུང་མ་ནའེ་ཡིས་གསུངས་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་དུས་ཡུན་རིང་པོའི་ནང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཀྲུང་གོ་ནི་ཁམ་ཕུ་ཁྲེའི་བློས་འཁེལ་ཤོས་དང་ཡིད་ཆེས་ཤོས་ཀྱི་གྲོགས་པོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་ཞིང་། དེ་ལས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་འགྲོ་རྒྱུ་དང་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་དང་རང་ཚུགས་རང་བདག་སྲུང་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁམ་ཕུ་ཁྲེས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བ་ཟབ་མོ་བཙུགས་ཏེ་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ནི་ཁམ་ཕུ་ཁྲེའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ། ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་བ་དང་། སློབ་གསོ་དང་རིག་གནས་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས“ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཡུལ་སྐོར་ལོ”ཡག་པོ་གཉེར་འདོད་ཡོད། ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བཅས་ལའང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་རྐྱང་རིང་ལུགས་ལས་འཛམ་གླིང་གི་དུས་བབ་ལ་གཡོ་འགུལ་ཐེབས་པ་དང་ཕྱོགས་མང་ཚོང་དོན་མ་ལག་ལ་རྡབ་རྡེག་ཕོག་པའི་དུས་བབ་འོག ཀྲུང་གོས་འགོ་ཁྲིད་ཀྱི་ནུས་པ་བཏོན་ནས་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་མཁོ་འདོན་བྱས་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།
གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་30ལྷག་ཙམ་བརྗེ་རེས་བྱས་པར་ཐུན་མོང་ཐོག་དཔང་པོ་གནང་བ་དང་དེའི་ནང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་དང་། མི་ཐབས་རིག་ནུས། འཕེལ་རྒྱས་རོགས་སྐྱོར། འགག་སྒོའི་ཞིབ་དཔྱད་ནད་བཤེར། འཕྲོད་བསྟེན། གསར་འགྱུར་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད།
ཕྱོགས་གཉིས་པོས《དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུགས་ཡོད་པ་རེད།