རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
ཕ་ནོམ་ཕེན་ནས་ཞལ་གྱེས་སྐབས། ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་། གྲོས་ཁང་གོང་མའི་ཀྲུའུ་ཞི་གཞོན་པ་དང་པོ་ཝུའུ་པོའོ་ལེ། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཆན་ཡེ། དེ་བཞིན་ཀུའོ་སུའོ་ཕཱ་དང་། པུའུ་ལཱ་སུའོ་ཁུན། ཧན་ཁྲུན་ནཱ་ལུའོ། ཧྲའོ་སུའོ་ཁཱ། ཧུང་མཱ་ཉི་སོགས་དབུ་བཞུགས་བློན་ཆེན་གཞོན་པ་ལྔ། ཝང་ཅ་ཅུན་སྐམ་དམག་གི་སི་ལིང་གཞོན་པ་ཧུང་མ་ནའེ་སོགས་མཐོ་རིམ་དཔོན་རིགས་གནམ་ཐང་དུ་བསྐྱོད་ནས་ཕེབས་སྐྱེལ་ཞུས་པ་རེད།
ཧུང་སེན་གྱིས་གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཞི་ཅིན་ཕིང་གིས་ཧུང་སེན་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། ཞི་ཅིན་ཕིང་གིས་ཕེབས་སྐྱེལ་ཞུ་མཁན་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་བ་རེད།
གནམ་ཐང་དུ་བསྐྱོད་པའི་ལམ་བར་དུ། ཁམ་ཕུ་ཁྲེའི་དམངས་ཚོགས་ཁྲི་ཕྲག་ཁ་ཤས་དང་། ཁམ་ཕུ་ཁྲེར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་མི་སྣ། ཕྱི་སྦྱོང་སློབ་མ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ཀྱིས་འགྲོ་ལམ་གྱི་གཞོགས་གཉིས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང་། “ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པ་སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དམར་པོ་ལག་ཏུ་བཟུང་ནས་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་འཚམས་འདྲི་གནང་བར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
ཉིན་དེའི་སྔ་དྲོར། ཧུང་སེན་གྱིས་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་། ཧུང་མཱ་ཉི། ཧུང་མ་ནའེ་བཅས་དང་ལྷན་དུ་ཆེད་མངགས་ཞི་ཅིན་ཕིང་བཞུགས་སའི་གསོལ་མགྲོན་ཁང་དུ་བསྐྱོད་ནས་ཞི་ཅིན་ཕིང་ལ་ཞལ་གྱེས་ཞུས་པ་རེད།