རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-24   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས།་པར།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རིམ་སྤོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཅེས་བསྡུ་རྒྱུ)བཀྲམ་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྐྲུན་པའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།
《བསམ་འཆར》ནང་བཏོན་དོན། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་རིམ་སྤོར་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས། ཆུ་ཚད་མཐོ་བའི་སྒོ་དབྱེ་སྣེ་ཁྲིད་དུ་བྱེད་པ་དང་ལམ་ལུགས་གསར་གཏོད་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད། སྒྲིག་སྲོལ་དང་། ལམ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ། སྒྱུར་བཅོས་ཀྱི་སྤྱི་ཡོངས་འཆར་འགོད་དང་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་བགྲོད་ཐུབ་པའི་ལྟེ་གནས་གལ་ཆེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་འགྱུར་བ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔེ་སྟོན་གྱི་ནུས་པ་དེ་བས་ལེགས་པ་འདོན་དགོས།
《བསམ་འཆར》ནང་ནན་བཤད་བྱས་དོན། ལོ་ལྔ་ཡས་མས་སུ་ཐོག་མའི་གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ལམ་ལུགས་རྣམ་པའི་སྒོ་དབྱེའི་ཆུ་ཚད་དང་། མ་ལག་རང་བཞིན་གྱི་སྒྱུར་བཅོས་ཕན་འབྲས། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྤུས་ཚད་བཅས་ཕྱོགས་ཡོངས་རིམ་སྤོར་མངོན་འགྱུར་དང་། ཚོང་དོན་དང་། མ་འཇོག མ་དངུལ་འཁོར་རྒྱུག འགྲིམ་འགྲུལ་སྐྱེལ་འདྲེན། རང་མོས་ངང་མི་སྣ་འགྲོ་འོང་སྟབས་བདེ་དང་གྲངས་གཞིའི་བདེ་འཇགས་དང་གོ་རིམ་ལྡན་པའི་འཁོར་སྐྱོད་བཅས་གཙོ་གནད་དུ་བྱས་པའི་སྲིད་ཇུས་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པ། དེང་རབས་ཐོན་ལས་ཚོ་འདུས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྒོ་དབྱེའི་རིམ་པ་དེ་བས་མཐོ་བ་དང་། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ། ཁྱབ་འགྱེད་ནུས་པ་དེ་བས་ཆེ་བ་བཅས་ཀྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས།
《བསམ་འཆར》ནང་བཏོན་དོན། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། དངོས་ཟོག་ཉོ་ཚོང་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། གྲངས་འཛིན་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་དགོས། ཁུལ་ནང་གི་ཁེ་ལས་ཀྱིས་ཁྲལ་མེད་ཟོག་འགྲེམས་བྱེད་ཐབས་ནས་ཁྲལ་ཨང་མི་འདྲ་བའི་འོག་གསེར་གཏེར་གྱི་དངོས་ལུགས་མཉམ་བསྲེས་ལས་སྒོ་གཉེར་ཆོག སྐྱེ་དངོས་སྨན་རྫས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་སྤྱོད་པའི་དངོས་རྫས་ནང་འདྲེན་བྱེད་པའི“མིང་ཐོ་དཀར་པོའི”ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ་ནང་འདྲེན་སྨན་རྫས་འགྲོ་ལུགས་གཉེར་མི་དགོས་པར་འགག་སྒྲོལ་སྤ་སེ་ལེན་ཆོག བཟའ་བཅའ་དང་སྨན་རྫས་ནང་འདྲེན་བྱེད་པའི“མིང་ཐོ་དཀར་པོའི”ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ་བཟའ་བཅར་སྤྱོད་པའི་བཟའ་བཅའ་དང་སྨན་རྫས་སྤྱོད་ཚད་དོན་དངོས་ལྟར་འགག་སྒོ་སྒྲོལ་ཆོག ཁོངས་བརྒལ་རྒྱལ་སྤྱིའི་ཚོང་དོན་ལས་སྒོ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་གཏན་འབེབས་ལྟར་ལག་རྩལ་སྔོན་ཐོན་རྣམ་པའི་ཞབས་ཞུའི་ཁེ་ལས་རེ་ཞུ་བྱེད་ཆོག ས་ཁོངས་ཕྱིའི་ལས་རིགས་ཐོབ་ཐང་ཁས་ལེན་ཚོད་ལྟ་འཚོལ་ཞིབ་བྱས་ནས་སྤེལ་དགོས། གློག་རྡུལ་ནས་སྤ་སེ་ལེན་པ་དང་གློག་རྡུལ་མཛོད་ཁང་འཛིན་ཤོག་སོགས་གློག་རྡུལ་འཛིན་ཤོག་སྤྱོད་པར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཤོག་མེད་ཅན་གྱི་སྐྱེལ་འདྲེན་ཁྱབ་ཁོངས་སུ་གློག་རྡུལ་མིང་རྟགས་སྤྱོད་པར་སྐུལ་འདེད་གཏོང་དགོས། ཨང་ཀིའི་ཐོབ་ཐང་ཁས་ལེན་ཁྲོད་གློག་རྡུལ་མིང་རྟགས་སྤྱོད་པར་སྐུལ་འདེད་བཏང་ནས་ཨང་ཀིའི་ཐོབ་ཐང་ཕན་ཚུན་ཁས་ལེན་ཚོད་ལྟ་བྱེད་དགོས།
《བསམ་འཆར》ནང་བསྟན་དོན། མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་ཁྲོམ་ར་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། ཕྱི་རྒྱལ་གྱི་མ་དངུལ་འགུག་པ་དང་སྤྱོད་ཤུགས་ཆེ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ཁུལ་ནང་ཕྱི་རྒྱལ་མ་འཇོག་ཁེ་ལས་ཀྱིས་གློག་བརྙན་རྗེས་ཀྱི་སྒྲིག་བཟོའི་ཞབས་ཞུ་སྤེལ་ཆོག ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཆ་རྐྱེན་འཛོམས་པའི་སྨན་པར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ཁྱེར་ཐོབ་རྗེས་ཁུལ་ནང་དུ་སྨན་ཁང་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ས་ཁོངས་ཕྱིར་སྐད་གྲགས་ཡོད་པའི་འདུམ་གཅོད་སྒྲིག་གཞིས་ཆ་རྐྱེན་འཛོམས་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་ལས་སྒོའི་སྒྲིག་གཞི་འཛུགས་ཆོག ཚོང་དོན་འདུམ་འགྲིག་རྩ་འཛུགས་ཐོ་འགོད་དོ་དམ་གྱི་ཚོད་ལྟའི་ལས་དོན་སྤེལ་དགོས།
《བསམ་འཆར》ནང་བཏོན་དོན། ནུས་ཆེའི་ཚན་རྩལ་གསར་གཏོད་ཁོར་ཡུག་གཏོད་པ་དང་གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། ཐོན་ལས་འཁོར་འབྲེལ་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྔོན་ཐོན་ཐོན་ལས་ཚོ་འདུས་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཐོན་ལས་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འདུས་གྲུབ་གསར་གཏོད་ལས་དོན་སྤེལ་རྒྱུར་སྐུལ་ལྕག་བྱེད་དགོས། རྒྱལ་ཁབ་རིམ་པའི་ཐོན་ལས་ཚོ་འདུས་འཛུགས་སྐྱོང་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དང་རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་མཉམ་དུ་འཕེལ་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་བདམས་ཏེ་འཚོལ་ཞིབ་བྱེད་དགོས། ཆ་རྐྱེན་འཛོམས་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་རིག་ནུས་དྲ་སྦྲེལ་རླངས་འཁོར་གྱི་ལམ་སྐྱོད་ཚད་ལེན་ཚོད་ལྟ་དང་དཔེ་སྟོན་བཀོལ་སྤྱོད་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཁ་ལོ་བ་མེད་པའི་དམངས་སྤྱོད་མཁའ་འགྲུལ་ཚོད་ལྟའི་རྟེན་གཞི(ཚོད་ལྟའི་ཁུལ)སྐྲུན་དགོས།
《བསམ་འཆར》ནང་ཁ་གསལ་བཏོན་དོན། གྲངས་གཞི་ནུས་ཆེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་སྒོ་ནས་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གྲངས་གཞིའི་གཞི་རྒྱུ་གཙོ་བོའི་ཁྲོམ་རའི་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕན་ཆེ་དང་། ཤར་གཏོང་། སྒོ་དབྱེ་བཅས་ཀྱི་བགྲོད་ལམ་བསྐྲུན་ནས་མཚོ་ཐོག་སྐྱེལ་འདྲེན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྐམ་ས་དང་མཁའ་ཐོག་སྐྱེལ་འདྲེན་གྱི་ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་དགོས། ཁྲལ་སྲུང་ཟོག་འགྲེམས་བྱེད་ཐབས་ནས་ཁྲལ་ཨང་མི་འདྲ་བའི་མུ་ཟི་འདུས་ཚད་མཐོ་དམའ་གཉིས་ཀྱི་འབར་སྣུམ་བསྲེས་སྦྱོར་ལས་སྒོ་སྤེལ་ཆོག རྒྱལ་སྤྱིའི་མཚོ་འགྲུལ་གྲུ་གཟིངས་ཀྱི་འབར་སྣུམ་དུ་བྱེད་པའི་གཤེར་འགྱུར་རང་བྱུང་སོལ་རླངས་ཐད་ཁྲལ་མེད་སྲིད་ཇུས་ལོངས་སུ་སྤྱོད་ཆོག དངུལ་རྩའི་ཁྱབ་ཁོངས་ཀྱི་སྒོ་དབྱེ་གསར་གཏོད་ཟབ་ཏུ་གཏོང་བ་དང་དངུལ་རྩའི་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ནས་གོ་རིམ་ལྡན་པའི་སྒོ་ནས་དངུལ་རྩའི་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། རྒྱལ་སྒྲོལ་ཀུང་སིས་རང་དངུལ་དང་ཕྱི་དངུལ་གཞི་གཅིག་ཅན་གྱི་མ་དངུལ་གཅིག་སྡུད་དོ་དམ་དང་བཀོད་གཏོང་གི་ལས་སྒོའི་ཚོད་ལྟ་རྒྱ་ཆེར་གཏོང་དགོས། ཆ་རྐྱེན་འཛོམས་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་ཚད་ལོན་གྱི་ས་ཁོངས་ཕྱིའི་ཚད་ཡོད་མཉམ་ལས་པ་དང་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། མངའ་ཁོངས་ནང་གི་དུས་བཅད་ཚོང་ཟོག་གི་དམིགས་གཏན་རིགས་གཙོ་བོར་བྱེད་པའི་དུས་བཅད་ཚོང་ཟོག་ཁྲོམ་ར་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་དམིགས་གཏན་རིགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མངའ་ཁོངས་ནང་གི་དུས་བཅད་ཚོང་ཟོག་གི་མཇུག་རྩིས་རིན་གོང་དབང་སྤྲོད་སོགས་སྣ་མང་ཅན་གྱི་སྒོ་དབྱེའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། དེ་བས་དགེ་མཚན་ལྡན་པ་དང་། སྒོ་དབྱེ། ནུས་ཆེ་བཅས་ཀྱི་ཤེས་ལྡན་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཤེས་ལྡན་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ཏེ་མི་སྣ་འགྲོ་འོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས།
《བསམ་འཆར》ནང་ནན་བཤད་བྱས་དོན། འབྲེལ་ཡོད་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་སྒྱུར་བཅོས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། འབྲེལ་ཡོད་ས་གནས་ཁག་གིས་བྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་དང་། མ་དངུལ། ཤེས་ལྡན་པ་སོགས་ཀྱི་གཏོང་ཤུགས་ཆེ་རུ་གཏོང་དགོས། སྡེ་ཚན་ཁག་གིས་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྒྱུར་བཅོས་དོན་ཚན་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་དགོས། ཚོང་དོན་པུས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྗེས་སྙེགས་འདྲི་རྩད་དང་ཉམས་མྱོང་ལད་མོའི་བྱེད་ཐབས་ཁྱབ་གདལ་བཏང་སྟེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་བདེ་བླག་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།