ཁོག་སྟོང་ཡིན་དུས་སྦྱོང་བརྡར་བྱས་ན་ལུས་པོར་གནོད་པ་བདེན་མིན་སྐོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-04-27   རྩོམ་ཁུངས།    ཁམས་པ་བརྙན་འཕྲིན།

    མི་མང་པོས་ཁོག་སྟོང་ཡིན་དུས་ལུས་རྩལ་སྦྱངས་ན་ལུས་པོར་གནོད་པ་དང་། ཁྲག་མངར་ཇེ་དམའ་ལ་ཆགས་པ་མ་ཟད། ཤ་གནད་དང་སྙིང་གི་ནུས་པར་གནོད་པ་ཡོད་སྣང་ཤར་ཀྱང་། དོན་ངོ་མ་ནི་དེ་ལྟར་མིན་པ་བསྟན། ཉེ་ཆར་ཚན་རིག་ཞིབ་འཇུག་པ་ལས། ལུས་པོ་བདེ་ཐང་ཡིན་པའི་མི་རྣམས་ཟ་མ་མ་ཟ་སྔོན་གྱི་ཆུ་ཚོད་གཅིག་ནས་གཉིས་བར་དུ་སྦྱོང་བརྡར་རན་པར་བྱེད་པའམ། ཡང་ན་རྐང་ཐང་དུ་འགྲོ་བ་དང་བྲོ་འཁྲབ་པ། དལ་མོར་རྒྱུག་པ། ལྕགས་རྟ་ཞོན་པ་སོགས་བྱས་ན། ཟ་མ་ཟས་རྗེས་སྦྱོང་བརྡར་བྱེད་པ་ལས་ཚོ་བྱང་བར་ཕན་པ་བསྟན་ཡོད།   

     ཁོག་སྟོང་ཟེར་ན། ཆུ་ཚོད་བརྒྱད་ནས་བཅུ་གཉིས་བར་ཟ་མ་ཟ་མེད་པའི་སྐབས་ཡིན་ཏེ་ཞོགས་པ་སྔ་མོ་ཡང་ན། ཟ་མ་ཟས་རྗེས་ཀྱི་ཆུ་ཚོད་བཞི་ནས་ལྔ་བར་ལ་ཟེར། བཀོད་སྒྲིག་ཡག་མོ་བྱས་ན་ཉེན་ཁ་མེད་པ་མ་ཟད་ཕན་པ་ཆེ་བ་བཤད།     

    འོན་ཀྱང་ཚོད་འཛིན་ཡག་མོ་བཟོ་མི་ཐུབ་པའི་གཅིན་མངར་ནད་པ་ཡང་ན་ཁྲག་མངར་དམའ་བའི་ནད་པ། ལོ་དྲུག་ཅུ་ཡན་གྱི་རྒན་རྒོན། ཁྲག་ཤེད་མཐོ་བ་ཡང་ན་སྙིང་རྩ་རེངས་པའི་ནད་པ།  སྔ་མོར་ཡར་ལངས་དུས་མགོ་ཡུ་འཁོར་བ་དང་ཐང་ཆད་པ། ཡང་ན་མཚན་མོར་ཉལ་ཕྱི་བའི་མི་རྣམས་ཀྱིས་ཁོག་སྟོང་ཡིན་དུས་ལུས་སྦྱོང་བྱས་ན་མི་ལེགས་པ་བཤད།    

    རྒྱུན་ཤེས། ཁོག་སྟོང་ཡིན་དུས་ལུས་པོ་སྦྱོང་བརྡར་བྱས་ན་གཤམ་གྱི་གནད་ཁ་ཤས་ལ་དོ་སྣང་བྱས་ན་ལེགས།    

    ཁོག་སྟོང་ཡིན་དུས་སྦྱོང་བརྡར་ཤུགས་ཆེན་བཟོ་མི་རུང་། དབྱང་ལྡན་གྱི་སྦྱོང་བརྡར་རན་པར་བྱས་ན་ཡག དབྱང་ལྡན་གྱི་སྦྱོང་བརྡར་དལ་མོ་བྱ་དགོས། དཔེར་ན་མགྱོགས་པར་འགྲོ་བ། ག་ལེར་རྒྱུག་པ་ཡང་ན་རྐྱོང་སྐུམ་སོགས་བྱེད་ནས། ལུས་པོར་འཕྲོད་རྗེས་ད་གཟོད་སྦྱོང་བརྡར་བཟོ་ཆོག ཁྱད་པར་དུ་སྔ་མོར་ཁོག་སྟོང་ཡིན་དུས། ལུས་པོ་ག་ལེར་ཡར་སད་བཅུག་དགོས་པ་དང་། སྙིང་དང་ཤ་གནད་སོགས་ལ་དཀའ་ངལ་ཆེན་པོ་སྟེར་མི་རུང་།    

    ཁོག་སྟོང་གི་སྐབས་སུ་སྦྱོང་བརྡར་བྱེད་པའི་དུས་ཡུན་རིང་མི་རུང་། ཆུ་ཚོད་གཅིག་ནང་ཁུལ་དུ་ཡིན་ན་ཡག་ཤོས་ཡིན། ཁོག་སྟོང་ངང་སྦྱོང་བརྡར་བྱས་རྗེས་ཆུ་འཐུང་དགོས་པ་དང་འཚོ་བཅུད་གསབ་དགོས། ལུས་རྩལ་བྱེད་དུས་ལུས་པོ་ལ་མི་བདེ་བ་བྱུང་ན་མཚམས་འཇོག་དགོས་ཟེར།