དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ཞིང་གྲོང་གི་མཛེས་པ།
རྩོམ་པ་པོ། ཚེ་རིང་དོན་གྲུབ། དུས་ཚོད། 2013-05-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་དྲ་བ། ཀློག་གྲངས། 288

      ཐེངས་སྔོན་མར་འཇོལ་ཡུལ་དུ་བསྐྱོད་དུས་ཏག་ཏག་དགུན་གཞུང་གི་དཀྱིལ་ལ་འཁེལ་ཡོད་པས།   ཤེལ་གྱི་མཆོད་རྟེན་བཞེངས་པ་ལྟ་བུའི་གངས་རིའི་མུ་ཁྱུད་ཀྱི་ཚོགས་དང་། ལྷུང་ལྷུང་བཞུར་བའི་རྫ་ཆུ་དྭངས་མོ། རང་བྱུང་ལྷུན་སྐྱེས་ཀྱི་ནགས་ཀློང་།   གཞན་ཡང་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ཐུན་མོང་མ་ཡིན་པའི་ལོ་གསར་གཏོང་སྲོལ་སོགས་མ་གཏོགས་གཞན་གྱི་དོན་བྱ་མང་བོར་རོལ་མྱོང་བྱེད་པའི་གོ་སྐབས་རེག་མ་བྱུང་།  
    བོད་ཡུལ་གྱི་རི་ཀླུང་ཀུན་ན་ཁུ་བྱུག་གི་སྐད་སྙན་སྒྲོག་བཞིན་པའི་ཟླ་བཞི་བའི་ཟླ་མཇུག་གི་བར་སྐབས་འདིར།   ང་ལ་ཡང་བསྐྱར་འཇོལ་ཡུལ་དུ་བསྐྱོད་པའི་གོ་སྐབས་ཤིག་ཐོབ་བྱུང་།    ང་རང་སྡོད་པའི་འགྲུལ་བཞུད་རླངས་འཁོར་དེའི་ཁ་ལོ་བ་ནི་བོད་པའི་སྐྱེས་པ་ངོ་གདོང་ཅུང་ནག་ལ།  གཟུགས་པོ་རིང་རྒྱུ་མེད་ཅིང་ལུས་ཤ་ཅུང་རྒྱག་པ་ཅན་ཞིག་ཡིན་པ་དང་།   ལམ་བར་གང་རུང་དུ་གླུ་བ་ཀུན་དགའ་དང་ཡ་ཏུང་།  བསོད་ནམས་བཀྲ་ཤིས་སོགས་ཀྱི་བོད་གཞས་མཚམས་མ་ཆད་པར་བཏང་བ་མ་ཟད།   འགྲུལ་བ་རྣམས་ལའང་ཤིན་ཏུ་ཤ་ཚ་བ་ཞིག་ཡིན་པས།   སེམས་ཀྱི་ཉི་ཟླ་ནས་འཇོལ་ཡུལ་བར་དུ་ཀྱག་ཀྱག་གི་ལམ་བུ་མང་བོ་བརྒྱུད་དགོས་ལ།   མགོ་བོ་ཕར་གཡུག་མར་གཡུག་བྱས་ནས་མགོ་ཡུར་འཁོར་བར་ཡང་བྱེད་སྲིད་མོད།   ཕར་བལྟས་ན་གངས་རིའི་མུ་ཁྱུད་དང་།   ཚུར་བལྟས་ན་རྫ་རིའི་བརྗིད་ཉམས་སོགས་ཀྱང་མཐོང་ཐུབ་པས།   ཤེས་མེད་ཚོར་མེད་ཀྱི་ངང་ནས་ལུང་བའི་ཐུར་ན་ཆགས་པའི་འཇོལ་རྫོང་དུ་ཅི་ལྟར་ཐོན་པའང་མ་ཤེས།  
    ཟླ་བཞི་བའི་ཟླ་དཀྱིལ་ལ་མི་ཡུལ་གྱི་དག་ཞིང་དུ་འབོད་ཅིང་དངོས་ནས་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་ནས་མི་ཚེ་གཅིག་གི་ཆེས་རིན་ཐང་ལྡན་པའི་དོན་དག་ཏེ།  གཉེན་སྒྲིག་གི་བྱེད་སྒོ་དེ་སྤེལ་བ་ཡིན་ལ།  ད་ནི་གང་ལྟར་ཀྱང་།   སྔོན་བསགས་ལས་དང་རང་གི་བསོད་ནམས་ཀྱི་མཐུ་སྟོབས་ལས་ས་འདི་ནས་གཞིས་ཆགས་དགོས་པ་བྱུང་ཤ་སྟག་ཏུ་བྱུང་ལ།   ས་ཆ་འདི་ལ་སྔར་མེད་ཀྱི་བརྩེ་དུང་ཟབ་མོ་ཞིག་བཅངས་ཡོད། འཇོལ་རྫོང་གི་སྤྱིའི་བཀོད་པ་དེ་ཁོད་མི་སྙོམས་པའི་ལུང་པའི་ཐུར་ན་ཆགས་ཡོད་ལ།  རྫོང་གི་སྤྱིའི་རྒྱ་ཁྱོན་ཡང་ཆེ་རྒྱུ་མེད་མོད།  འོན་ཀྱང་།   གནས་འདི་ན་བོད་ཁམས་ཕྱོགས་གངས་རིའི་མཛེས་རྒྱན་གྱི་རྩེ་མོ་རོང་བཙན་ཁ་བ་དཀར་པོ་ཆགས་ཡོད་པ་དང་།   སྟོད་སྨད་བར་གསུམ་དུའང་ནགས་ཚལ་གྱིས་ཡོངས་སུ་བསྐོར་བ་མ་ཟད།   སྨར་ཁམས་དང་སྡེ་རོང་སོགས་རྫོང་ཁག་དང་མུ་འབྲེལ་ཡོད་པས།   གནས་འདིའི་མཚར་སྡུག་ལ་ཆགས་ཤིང་དད་པའི་སྤུ་ལོང་གཡོ་བའི་དད་ལྡན་པ་རྒྱུན་མི་ཆད་ལ།   སེམས་ཀྱི་ཉི་ཟླའི་མཚན་སྙན་གྱི་བ་དན་དཀར་པོ་དེ་སྔར་ལས་ལྷག་པར་ཕྱོགས་བཅུའི་ཕྱི་ནང་གི་ཡུལ་གྲུ་ཀུན་ལ་དྲག་ཏུ་ལྡང་བའི་ཞོར་ལ།   འདི་གར་ཕེབས་པའི་ཡུལ་སྐོར་ལྗོངས་རྒྱུ་བའང་བགྲང་ལས་འདས་པ་བྱུང་ཡོད།   
    སྤྱིར་ན་ང་ནི་སྒེར་དོན་ཞིག་གི་ཆེད་དུ་འཇོལ་རྫོང་ལ་སོང་བ་ཡིན་མོད་ཀྱང་།   ཏག་ཏག་ཉིན་དེའི་རིང་ངས་ངོ་འཕྲད་བྱེད་དགོས་པའི་མི་སྣ་དེ་གཞི་རིམ་དུ་བྱ་བ་སྒྲུབ་པར་བསྐྱོད་ཟིན་པས།  ང་རང་རྫོང་ཐོག་དང་ཐག་རིང་རྒྱུ་མེད་པའི་ཧོར་གྲོང་སྡེའི་ཆུང་མའི་ཁྱིམ་དུ་སོང་ནས་ཉིན་གཉིས་རིང་ངལ་གསོ་མི་བྱེད་ག་མེད་དུ་གྱུར། ཧོར་གྲོང་སྡེ་ནི་འཇོལ་རྫོང་ནས་ཆས་པའི་ལེ་དབར་སུམ་ཅུའི་མཚམས་སུ་ཆགས་ཡོད་པ་དང་། མདུན་ངོས་དང་རྒྱབ་ངོས་ཚང་མ་རྩེ་མོ་དགུང་ལ་ཟུག་པའི་གངས་དཀར་རི་བོས་བསྐོར་ཡོད་ལ།  གངས་རིའི་བར་དང་བར་གསེང་ན་སྤྲིན་དཀར་གྱི་འདབ་མ་ནི་ཕྱོགས་ངེས་མེད་དུ་རྒྱུ་ཞིང་།  ལྷག་ཏུ་ཞོགས་པའི་ཉི་ཟེར་གྱི་འོག་ན་སྤྲིན་དཀར་དེ་དག་ནི་མཚར་སྡུག་རྣམ་པར་བཀྲ།  མཛེས་ལྗོངས་འདི་དག་གིས་གལ་ཏེ་ང་ནི་རི་མོ་བ་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་ཚོར་བ་ཡང་ངམ་ཤུགས་ཀྱིས་སྟེར་འོང་།   དེ་ལས་ཀྱང་ཡིད་དུ་འོང་བ་ནི་ཕྱོགས་གང་སར་འཐེན་པའི་ཀྱག་ཀྱོག་གི་ལམ་ཕྲན་དེ་དག་ཡིན་ལ།     ལམ་ཕྲན་འདི་དང་འདི་ལྟ་བུའི་ཐོག་ལ་རང་རེའི་མེས་པོ་མང་བོའི་ཞབས་རྗེས་བགྲངས་ལས་འདས་པ་འཁོད་ཡོད་པ་རེད་ཨང་། ཞོགས་པའི་ཉི་གཞོན་ཤར་བ་ན།  གངས་རིའི་རྩེ་མོ་ནས་འོད་ཀྱི་ཟེགས་མ་ས་གཞིའི་ཕྱོགས་བཅུར་འཕྲོ་བ་དང་།  དེའི་སྣང་ཉམས་དེ་མཐོང་ན། ཡིད་ལ་རང་དབང་མེད་པར་སེམས་འགུལ་གང་རུང་ཞིག་ཐེབས་ཡོང་། ས་སྒང་འདིའི་གཞི་འཛིན་དང་པོར་གྱུར་བའི་ཡུལ་མི་རྣམས་ནི་ངང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ་དང་།  མཛེས་ཤིང་སྡུག་ལ་འབྱོར་ཕྱུག་ལྡན་པའི་ཡུལ་གྲུ་འདི་རུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།   ང་རང་ལམ་ཕྲན་བརྒྱུད་ནས་ཞིང་ཁའི་འདབས་རུ་སོང་བ་ན།   དེ་རུ་ལོ་ན་ཆེ་ཆུང་མི་འདྲ་བའི་སྐྱེས་མ་ཁ་ཤས་ཀྱིས་ཧ་ཧོའི་དགོད་སྒྲ་དང་བཅས་ཡུར་མ་ཡུར་བཞིན་འདུག་ལ།  ཞིང་ནང་དུ་ཆུ་གཏོང་མཁན་ཡང་ཁ་ཤས་འདུག དགུན་དཀྱིལ་དུ་ཐོན་དུས་ས་འདི་གའི་ནས་ཀྱི་སྙེ་མ་དེ་མཐོ་གང་ཙམ་ལས་མེད་མོད།   ད་ནི་འདོམ་པ་ཕྱེད་ཙམ་དུ་སྐྱེས་ནས། ས་གཞི་ལ་ལྗང་མདོག་གི་མཛེས་སྡུག་གསར་བ་ཞིག་བསྣན་ཡོད་པ་དང་།   དྲི་བཞོན་བུ་མོ་དེ་ག་ལེར་ལྡང་བ་ན།  སྙེ་མའི་ཚོགས་ནི་ལྷབ་ལྷུབ་གཡོ་བའི་གར་མཁན་རེ་རེ་དང་ཀུན་ནས་མཚུངས།  སྡེ་འདབས་ན་ལྟོ་ལ་རྔན་པའི་བོད་ཕག་དང་བྱ་མོ་རྣམས་ནི་གང་སར་རྒྱུ་བ་དང་།  གངས་རིའི་གསེབ་ནས་བཞུར་བའི་གངས་ཆུ་སྔོན་མོ་ནི་རྫ་སྐེད་བརྒྱུད་ནས་སྡེ་བའི་གཡས་གཡོན་དུ་ཐོན་པ་དང་།   མཐར་མར་སྡེ་འདབས་ཀྱི་ཆུ་གཞུང་དུ་འདྲེས་ནས།   ཤག་ཤག་གི་གླུ་སྒྲ་ལ་མཚམས་འཇོག་ཅི་ཡང་མེད།   སྟར་ཀའི་སྡོང་བོ་དང་ཤུག་སྡོང་།  གསོམ་སྡོང་རྣམས་ཀྱིས་ཞིང་ཁ་དང་མཆོད་རྟེན་གྱི་ཉེ་འདབས་ཡོང་ཀུན་ནས་བསྐོར་ཞིང་།   ཉི་ཟེར་ཕོག་པའི་གོ་སྐབས་དང་བསྟུན་ཏེ།   ཤིང་སྡོང་གི་ཡལ་གའི་གསེབ་ནས། ཕ་གའི་གངས་རི་ལ་བལྟས་པ་ན།   མིག་ལམ་དུ་མངོན་པ་ནི་ཡུལ་ལྗོངས་ཁོ་ན་ཞིག་མིན་པར།   སེམས་ལའང་བརྗོད་དཀའ་བའི་བདེ་སྐྱིད་ངོ་མ་ཅིག་སྦྱིན་ཡོང་།   
    རྒྱང་ཐག་རིང་བའི་ཕ་ཡུལ་རེབ་གོང་གསེར་མོ་ལྗོངས་དང་ཁ་གྱེས་ནས་ལོ་ངོ་གསུམ་ཙམ་འགོར་བའི་དུས་དེ་རིང་།ཁམས་ཕྱོགས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་གྲུ་འདི་ནས་ལྷ་རིའི་འདབས་སུ་སྐར་ཚོགས་ས་ལ་འཕོས་ལྟར་ཆགས་པའི་རང་གི་སྐྱེས་ཡུལ་གླིང་རྒྱལ་ཕྱུག་མོ་དེའང་ག་ལེར་དྲན་པ་དང་། དེ་དྲན་པའི་མོད་ལ། སྐྲ་ལོ་དུང་ལྟར་དཀར་ཞིང་བཞིན་ལ་མི་འདོད་གཉེར་མས་འཁེངས་པའི་ཕ་མ་གཉིས་ཀྱང་དྲན་བྱུང་། ངའི་ཕ་ཡུལ་གྱི་ཞིང་གྲོང་ན། ཕྱོགས་བཞིར་གངས་ཀྱིས་བསྐོར་བ་མེད་ལ།ནགས་ཚལ་གྱིས་བརྒྱན་པའང་མེད་མོད་ཀྱང་། གནས་དེ་ན་ཁོད་སྙོམས་པའི་ཞིང་ས་དང་། ཞིང་སའི་བར་ལ་ལྕང་མ་དང་མ་ག  ད་དུང་རྭ་སྐོར་ནང་ལ་ཡུལ་སིལ་སྣ་ཚོགས་ཀྱིས་བརྒྱན་ཡོད་པ་མ་ཟད།   ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཡུལ་མི་རྣམས་ནི་རང་བཞིན་དྲང་ལ་དད་སེམས་ཆེ་བ་དང་།རིག་གནས་ཀྱི་ཕ་ས་འདི་ན་བག་ཡངས་ཀྱིས་འཚོ་བཞིན་ཡོད།    རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པ་ལྟར། མི་རེ་རེའི་སེམས་ཁོངས་སུ་ཕ་ཡུལ་ལས་ལྷག་པ་ཞིག་གང་ན་ཡོད།ལྔ་གཅིག་ངལ་གསོའི་དུས་ཡུན་ནང་། ངའི་གྲོགས་པོ་མང་བོ་ཞིག་ཀྱང་རང་གི་ཕ་ཡུལ་དུ་ལོག་པ་དང་།   ཁ་པར་གྱི་འཕྲིན་ཕྲན་ནང་གྲོང་སྡེའི་མཛེས་ཤིང་སྡུག་པའི་འདྲ་པར་མང་བོ་བཞག་འདུག  གང་ལྟར་ཀྱང་།  ང་ནི་ཞིང་གྲོང་ལ་དགའ་ཞིང་།  ངས་བསམ་ན་བོད་ཡུལ་གྱི་ཞིང་གྲོང་མཐའ་དག་ནི་དག་ཞིང་གི་འཇིག་རྟེན་ཞིག་རེ་རེ་ཅིས་ཀྱང་ཡིན་ངེས་རེད།  མཁའ་དབུགས་འཇམ་ཞིང་ཁོར་ཡུག་གཙང་ལ།  སའི་དགེ་བཅུ་བྱིན་རླབས་ཀྱི་རྒྱན་ཏུ་བྱོན་པའི་ཞིང་གྲོང་གི་མཛེས་པ་ལ་ནམ་ཡང་ཉམས་མེད་པར་སྨོན།