དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
བོད་ཀྱི་ཡིག་གཟུགས་བྱུང་རིམ་དང་འབྲི་ཚུལ་གནད་བསྡུས།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 861

       ད་ཆ་མི་ཚང་མར་དུས་འགྱུར་གྱི་སྒུལ་ཤུགས་འོག་གསར་བྱུང་གི་རིག་སྟོབས་རྒྱས་ཤིང་སྔོན་ཐོན་གྱི་བསམ་བློའི་མྱུ་གུ་འབུས། དེར་བསྟུན་སྤྱི་ཚོགས་ཀྱི་གཡས་གཡོན་མདུན་རྒྱབ་སོགས་ཕྱོགས་ངོས་མང་པོ་ཞིག་ནས་གསར་གཏོད་ཀྱི་ལམ་དུ་བསྐྱོད་དེ། ཅི་མི་སྙམ་པར་ཚན་རྩལ་རིག་གནས་སོགས་ཀྱི་དབང་དུ་འགྱུར་བཞིན་པའི་ཐོད་བརྒལ་གྱི་དུས་སྐབས་འདིར། ང་ཚོའི་བོད་མི་རིགས་ལ་མཚོན་ནའང་དེ་དང་ཕྱོགས་མཚུངས་རེད། བོད་མིའི་ཁ་དཔེར་རྩྭ་ཆུའི་ཚོད་ཀྱི་རི་དྭགས་ཞེས་པ་ལྟར་ང་ཚོའི་སྤྱི་ཚོགས་དང་ཁོར་ཡུག  མིའི་གཞི་རྩ་དང་ཀུན་གཤིས་སོགས་ཟུར་དང་ངོས་མང་པོ་ཞིག་ནས་ཡར་རྒྱས་དང་གསར་གཏོད་ཀྱི་ལམ་བུར་སྐྱོད་དང་བསྐྱོད་བཞིན་པའི་རྣམ་པ་ཞིག་མངོན་ཡོད་མོད། ཡིན་ནའང་། གསར་གཏོད་དེ་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཏུ་ངོས་བཟུང་ནས་དེས་བཟི་སྨན་ལྟ་བུའི་བྲོ་བ་ཁོ་ནར་འཐམས་འཁྱུད་ཀྱིས་སྤྱི་ཚོགས་དང་མིའི་རིགས་ལ་དགོས་གལ་གྱི་གནའ་བོའི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རིན་ཐང་ལ་ཕྱིར་བལྟས་དང་བསམ་དཔྱོད་ཀྱི་བློ་མིག་མེད་པར་ཤར་ལ་གཡུགས་ཏེ། སྐབས་ཐོག་དུས་ཐོག་གི་གསར་པ་ཞིག་གི་སྣེ་མོ་རྐྱང་ལ་མིག་ཅེར་ལག་བསྲིང་སྟེ་འཐམས་ནས་བསྡད་ཡོད་པ་ནི་ད་ལྟའི་འུ་ཅག་གི་ནོར་ཉེས་ཤིག་ཏུ་སེམས།
       དཔེར་ན། རང་རེ་བོད་མི་རིགས་ཀྱི་ཡིག་གཟིགས་ལྟ་བུར་མཚོན་ན་ལོ་ངོ་བརྒྱ་ཕྲག་མང་པོ་ཞིག་གི་རིང་བེད་སྤྱད་ནས་ད་ལྟའི་བར་དུ་བསྐྱལ་ཞིང་། དུས་ཡུན་དེའི་རིང་བོད་མི་རིགས་རང་ངོས་ནས་ཡིག་གཟུགས་འབྲི་རྩལ་དང་། བཅོས་བསྒྱུར། གསར་གཏོད་བཅས་ཀྱི་རིན་ཐང་ཐད་ནས་ཡིག་མཁན་མཁས་པ་མང་དུ་བྱུང་ཡོད་པ་ནི་ང་ཚོའི་ལོ་རྒྱུས་ཀྱི་ཟུར་གཅིག་ཆགས་ཡོད། དེ་ནི་མེས་པོ་གོང་མ་ཚོས་དཀའ་སྤྱོད་སྡུག་རུས་ཀྱིས་རང་རང་གི་བློ་རྩལ་དང་། དཔྱོད་ཤེས། ལག་ལེན་དངོས་ཀྱི་ཉམས་མྱོང་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་རླབས་ཆེན་ཞིག་རེད། ད་ཆ་ང་ཚོའི་མི་རབས་ཀྱི་དུས་སྐབས་འདིར་རང་ངོས་ནས་ཡིག་གཟུགས་ལག་བྲིས་བྱེད་མཁན་ནི་ཉིན་རེ་ནས་ཉིན་རེར་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་མཚུངས་ཀྱིས་ཡིག་གཟུགས་འབྲི་རྩལ་ལ་དགའ་མོས་དང་སྦྱངས་བརྩོན་བྱེད་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་རེད། ང་ཚོས་གློག་ཀླད་ཀྱིས་མཚོན་འཕྲུལ་རིག་སྣ་ཚོགས་བེད་སྤྱད་ཅིང་དྲ་ངོས་སོགས་སུ་རང་རེའི་བོད་ཡིག་བཀོད་སྤྱོད་བྱས་ཏེ་དུས་ཡུན་ཐུང་ངུ་ཞིག་ལས་སོང་མེད་ནའང་། དུས་ཡུན་དེའི་ནང་ཆགས་པའི་གོམས་ལོབས་སམ་རྒྱ་ཡན་དེས་ད་ཆ་མང་པོ་ཞིག་གིས་བོད་ཡིག་ལག་བྲིས་བྱེད་རྒྱུ་ནི་སུན་སྣང་དང་དཀའ་ངལ་ཞིག་ཏུ་བརྩི་བ་དང་། མ་ཟད་བརྗོད་དོན་ཚིག་རྐང་འགའ་ལས་མེད་ནའང་ལག་བྲིས་བྱས་ན་དེ་ནི་རྗེས་ལུས་ཤིག་ཏུ་བརྩི་བཞིན་ཡོད། དེ་ནི་དྲང་མོར་བཤད་ན་ཕྱོགས་གཅིག་ནས་སྔར་ལས་འགྱུར་ལྡོག་བྱུང་བའི་གསར་གཏོད་ཀྱི་གྲུབ་འབྲས་ཤིག་རེད་ལ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་གསར་བྱུང་ལ་འཐམས་པའི་ལག་རྗེས་ལས་བྱུང་བའི་མཇུག་འབྲས་ངན་པ་ཞིག་སྟེ། དེང་ང་ཚོི་བོད་མིའི་ཡིག་གཟུགས་འབྲི་བའི་མཛེས་རྩལ་ལ་བྱང་ཆ་ཆེ་བ་གང་མང་ཞིག་གློག་འཕྲུག་ཡིག་གཟིགས་ལ་ཕྱོགས་ཤིང་། རང་ངོས་ནས་ཡིག་གཟུགས་འབྲི་རྩལ་གྱི་ཡོན་ཏན་རང་བཞིན་གྱིས་ཉམས་ཉེས་སུ་ཕྱིན་ནས། ང་ཚོའི་བོད་མི་རིགས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་བྱུང་བའི་ཡིག་གཟུགས་འབྲི་རྩལ་གྱི་རིག་གནས་སྒྱུ་རྩལ་དེ་ད་ཆ་དུས་ཡུན་ཐུང་ཐུང་ཞིག་གི་ནང་གོ་མེད་ཚོར་མེད་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད་པ་མངོན་གསལ་རེད། དེ་ནི་ད་ཆ་གསར་བྱུང་རིག་གནས་དག་གི་བྲོ་བས་འུ་ཚོ་ར་བཟི་དྲགས་ཏེ་གཡས་གཡོན་དང་མདུན་རྒྱབ་ན་གནའ་རབས་ཀྱི་རྩ་ཆེའི་རིག་དངོས་གང་མང་ཞིག་ཆུ་ལ་འཐིམས་ཤིང་ས་ལ་བསྲེས་ནས་མེད་པ་ཆགས་བཞིན་པར་བལྟ་མ་ཤེས་པའི་སྐྱོན་ཉེས་ཤིག་རེད།
      ལ་ཤས་ཀྱིས་དེ་ནི་སྲོལ་རྒྱུན་གྱི་རིག་གནས་རྙིང་པ་རེད། ཆུ་ལ་བསྐྱུར་ཞིང་མེ་ལ་སྲེགས་ཤོག་ཟེར་ནའང་ཐང་། ཅི་སྟེ་ངས་ནི་དེ་ལྟར་དུ་མི་བསམ། ད་ལྟའི་བར་ལོ་ངོ་ཅི་སོང་གི་དུས་ཡུན་ནང་ད་ཆ་ང་ཚོས་གཡུག་ཅིང་སྟོང་ལ་ཉེ་བའི་ཆོས་དང་རིག་གཞུང་འདི་དག་ལ་བརྟེན་ནས། ད་ལྟའི་ང་ཚོ་མི་རབས་གསར་པའི་ཕྲག་འགན་དུ་བབ་པའི་བོད་ཅེས་པའི་སྤྱི་ཚོགས་འདི་གོ་ལ་ཟླུམ་གཟུགས་འདིའི་སྒང་གཞུང་གི་མི་རིགས་གཞན་དང་རྒྱལ་ཁབ་གཞན་ནང་བཞིན་ངོམ་ཆོག་ཆོག་ཏུ་བྱུང་བ་ཞིག་རེད། དེའི་ཕྱིར་འུ་ཚོས་ངེས་པར་དུ་རིག་གནས་འདི་རིགས་རྒྱུན་འཛིན་སྲུང་སྐྱོབ་དང་བདག་གཅེས་གང་ལེགས་བྱ་དགོས་པར་སེམས་ཡོད།
      གཞན་གསལ་བཤད་ཞུ་འདོད་པ་ཞིག་ལ། འུ་ཚོས་གློག་འཕྲུལ་ཡིག་གཟུགས་སོགས་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱས་ཏེ། ད་དུང་མུ་མཐུད་ནས་ཡིག་གཟིགས་ལག་བྲིས་བྱེད་པའི་ངལ་བར་བརྟེན་དགོས་ཟེར་བ་ནི་གཏན་ནས་མ་ཡིན།  འུ་ཚོ་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་ནས་གསར་བྱུང་གི་རིག་གནས་དག་བེད་སྤྱོད་བྱ་རྒྱུ་ནི་དུས་ཀྱིས་གཏུགས་པའི་དགོས་གལ་རང་བཞིན་གྱི་བྱ་གཞགས་གལ་ཆེན་ཞིག་རེད། ཡིན་ནའང་འུ་ཚོས་འུ་ཚོའི་རིག་གནས་ཀྱི་མ་ལག་ཏུ་གྱུར་པའི་ཡིག་གཟུགས་འབྲི་རྩལ་ལྟ་བུ་འདི་རིགས་སྣང་མེད་དུ་མི་འཇོག་པར་འབྲི་ཤེས་སྦྱངས་བརྩོན་བྱ་རྒྱུ་ནི་གལ་ཆེན་ཞིག་རེད་ཅེས་འདིར་དྲ་གྲོགས་ཚོར་དཔྱད་བསྡུར་དང་བསམ་བློ་བརྗེ་རེས་ཀྱི་ཚུལ་གྱིས་སྔོན་དུ་གླེང་བ་ཡིན།

དང་པོ། ཡིག་གཟུགས་བྱུང་ཚུལ།

       དེ་ལ་སློབ་དཔོན་ཐོན་མིས་གསར་གཏོད་མཛད་པའི་བོད་ཀྱི་ཡིག་གཟུགས་ཇི་ལྟར་བྱུང་རིམ་གྱི་ཐད་ལ་གནའ་རབས་ཀྱི་མཁས་པ་མང་པོར་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་སྣང་སྟེ། དཔེར་ན། བུ་སྟོན་ཆོས་འབྱུང་དུ་ཁ་ཆེའི་ཡི་གེར་དཔེ་བླངས་པར་གསུངས་པ་དང༌། དཔའ་བོ་གཙུག་ལག་ཕྲེང་པའི་ཆོས་འབྱུང་དུ་ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ་དཔེ་བླངས་པར་གསུངས། རྒྱལ་དབང་ལྔ་བའི་དེབ་ཐེར་དུ་ལཉ྄ཛ་ལ་དཔེ་བླངས་ནས་དབུ་ཅན་དང༌། ཝརྟུ་ལ་དཔེ་བླངས་ནས་གཤར་མ་བཟོས་པར་གསུངས། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐར་ནཱ་ག་རའི་ཡི་གེ་ལ་དཔེ་བྱས་ནས་མགོ་ཅན་གྱི་གཟབ་དང༌། ཝརྟུ་ལ་དཔེ་བླངས་ནས་མགོ་མེད་གྱི་གཤར་གཉིས་བཟོས་ཚུལ་གསུངས། གཞན་ཡང་ཞ་ལུ་ལོ་ཆེན་གྱི་སུམ་འགྲེལ་དུ་ལཉ྄ཛ་ལ་དཔེ་མཛད་ཚུལ་དང༌། སི་ཏུའི་འགྲེལ་ཆེན་དུ་ནཱ་ག་རའི་ཡི་གེ་ལ་དཔེ་མཛད་ཚུལ་བཅས་གསུངས་ཡོད་ཀྱང༌། ཕྱིས་འབྱུང་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བརྟག་ཞིབ་གཟབ་ནན་གང་མང་བྱས་པ་བརྒྱུད་དེབ་ཐེར་དཀར་པོའི་ནང༌། རྒྱ་གར་གྱི་གུབྟའི་ཡི་གེ་ལ་དཔེ་མཛད་པ་ཡིན་ཚུལ་གསུངས་འདུག་པ་དེ་བཞིན་དེང་རབས་ཀྱི་མཁས་པ་མི་ཉུང་བ་ཞིག་གིས་ཚད་མར་འཛིན་གྱིན་ཡོད་པ་ནི་རྒྱུ་མཚན་གནས་ལུགས་དང་ལྡན་པ་ཞིག་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་རྒྱ་གར་དུ་བཞུགས་སྐབས་ལཀ་ནཻའི་གྲོང་ཁྱེར་དུ་རྒྱལ་པོ་ཉི་མའི་གོ་ཆའི་རྡོ་རིང་སྟེང་གི་གུབྟའི་ཡི་གེ་རྣམས་ཐར་ཐོར་བཀླགས་ཐུབ་པ་བྱུང་པས། དེར་བཞུགས་རྒྱ་གར་གྱི་པཎྜིཏ་མང་པོ་ཞིག་གིས་ངེད་རྣམས་བསླབ་ཀྱང་ཀློག་དཀའ་བ་ཁྱེད་མ་བསླབ་པར་ཀློག་པ་ཡ་མཚན་ཆེ་ཟེར་ནས་ཁྱད་མཚར་སྐྱེས་བར་དགེ་ཆོས་ཁོང་གིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར་གསལ་བ་དེ་ལ་གཞིགས་ན་དངོས་དོན་ཡིད་གཏད་ཁས་འཆེས་རུང་པ་ཞིག་ཡིན་པར་སྣང༌།
      དེ་ཡང་ཁག་ཅིག་སློབ་དཔོན་ཐོན་མིའི་བོད་ཡིག་གསར་གཏོད་མ་མཛད་གོང་ད་ནས་རྩིས་པའི་ལོ་ངོ་སུམ་སྟོང་ལྷག་གི་སྔ་རོལ་དུ། གདོད་མའི་བོན་གྱི་ཆོས་ལུགས་དང་འབྲེལ་སྟག་གཟིག་སྤུངས་ཡིག་ཅེས་པ་ཞིག་ཡོད་པས། དེ་ནི་བོད་སྤྱི་ཚོགས་ནང་ཐོག་མར་བྱུང་པའི་ཡི་གེ་ཡིན་པའི་ངོས་འཛིན་དང༌། དེ་ནས་རིམ་པས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་སྟོན་པ་གཤེན་རབ་མི་བོ་ཆེའི་སྐབས་སྨར་ཆེན་དང་སྨར་ཆུང༌། ལྷ་བབ་ཡི་གེ གཟི་ཡིག་བཅས་བྱུང་པར་བཤད་པ་དང༌། མ་ཟད་བོད་ཡིག་གི་མ་ཕྱི་ཡང་སྨར་ཆེན་དང་སྨར་ཆུང་ཡིན་པར་འདོད་ཀྱི་ཡོད། གང་ལྟར་ད་ལྟའི་བོད་སྤྱི་ཚོགས་ནང་སྤྱད་དང་སྤོད་བཞིན་པའི་ཡིག་གཟུགས་འདི་ནི། སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་སློབ་དཔོན་ཐོན་མིས་མ་ཕྱི་གང་ལ་དཔེ་མཛད་ཀྱང་གསར་གཏོད་གནང་པ་དེ་མུར། བོད་ཡིག་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་རྣམ་པ་གཉིས་སུ་བྱུང་སྟེ།  དུས་རབས་རིམ་བྱུང་ནང་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་ནའང༌། ཡིག་མཁན་སོ་སོའི་བྲིས་རྒྱུན་ལག་རྩལ་ལྟར་འབྲི་ཚུལ་ཡི་གེའི་དབྱིབས་བཟོ་མི་འདྲ་བ་བརྒྱ་ལྷག་ཙམ་བྱུང་ཡོད་པར་མངོན།
ཀ དབུ་ཅན་ཡིག་གཟུགས།
      དབུ་ཅན་གྱི་ཡིག་གཟུགས་ལ་མཚོན་ན་བསྟན་པ་སྔ་དར་སྐབས་སྤྱི་ལོ་བརྒྱ་ཕྲག་བདུན་པའི་སྨད་ཙམ་ལ་སློབ་དཔོན་ཐོན་མིས་བོད་ཡིག་གི་སྲོལ་ཐོག་མར་ཕྱེས་པའི་ཡི་གེ་ལ་དབྱིབས་བཟོའི་ཆ་ནས་སྦལ་ནག་ན་ལ་བགྲད་འདྲ་ཞེས་གྲགས་པ་དང༌། དེའི་རྗེས་སྲོང་བཙན་གྱི་སྲས་མང་སྲོང་མང་བཙན་དུས་ཡིག་མཁན་ཆ་ངར་རིན་ཆེན་འབར་ཞེས་པའི་བྲིས་རྒྱུན་ལ་སོ་ཕག་གཤིབ་འདྲ་ཞེས་གྲགས། དེའི་རྗེས་སུ་མང་སྲོང་གི་སྲས་འདུས་སྲོང་མང་རྗེའི་དུས་ཡིག་མཁན་ཆབ་དཀར་བེའུ་ཚེ་ཟེར་པའི་བྲིས་རྒྱུན་ལ་བྱ་ཕོ་འཇོལ་འདྲ་ཞེས་གྲགས། དེའི་རྗེས་འདུས་སྲོང་གི་སྲས་མེས་འོག་ཚོམ་གྱི་དུས་སུ་ཡིག་མཁན་དགེ་བསྙེན་དཀོན་མཆོག་དབང་ཟེར་པའི་བྲིས་རྒྱུན་ལ་ནས་སྔོན་ཕྱིང་དཀར་ཐོག་བཀྲམ་འདྲ་ཞེས་གྲགས། དེའི་རྗེས་མེས་འོག་ཚོམ་གྱི་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཡིག་མཁན་བྷེ་ཤོ་ཁྲམ་ཞེས་པའི་བྲིས་རྒྱུན་ལ་མུ་ཏིག་སྟར་ལ་བརྒྱུས་འདྲ་ཞེས་གྲགས། དེའི་རྗེས་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་ནེ་བཙན་པོའི་དུས་ཡིག་མཁན་ཚེ་སྤོང་བྱང་ཆུབ་ཟེར་པའི་བྲིས་རྒྱུན་ལ་སྦར་ནག་བགྲད་པ་འདྲ་ཞེས་གྲགས། དེའི་རྗེས་མུ་ནེ་བཙན་པོའི་གཅུང་མུ་ཏིག་བཙན་པོའི་དུས་ཡིག་མཁན་འབྲེ་བ་ཡོན་ཏན་ཟེར་པའི་བྲིས་རྒྱུན་ལ་ཉ་མོ་ཆུ་ནང་ནས་ཕྱུང་འདྲ་ཞེས་གྲགས། དེའི་རྗེས་མུ་ཏིག་བཙན་པོའི་སྲས་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་གྱི་དུས་ཡིག་མཁན་གྲ་ཤོད་རྣམ་གཉིས་ཀྱི་བྲིས་རྒྱུན་ལ་སེང་གེ་གནམ་དུ་མཆོང་འདྲ་ཞེས་གྲགས་པ་བཅས་བྲིས་རྒྱུན་མི་འདྲ་བ་ཁག་བརྒྱད་ཙམ་བྱུང༌།  
      དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་གྲ་ཤོད་ཀྱི་རྡོ་རིང་ཡི་གེར་གཞི་བྱས་ཡིག་མཁན་སྒྲོ་གཉའ་ཁྲི་ཟེརབའི་བྲིས་རྒྱུན་བར་གསར་ཞེས་པའི་དམིགས་བསལ་པ་ཞིག་བྱུང༌། དེ་རྗེས་ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་ཡིག་མཁན་ཤཱཀྱ་རྡོ་རྗེ་ཟེར་བ་ཞིག་དང༌། དེའི་རྗེས་ཀ་ཁྱུང་རྣམ་གཉིས་དང༌། སྣ་ནམ་ཞང་བཙུན། སུམ་པ་གནོད་སྦྱིན་སོགས་ཡིག་མཁན་མཁས་པ་འགའ་བྱུང༌། ཁྱད་པར་ཡིག་མཁན་ཆེན་པོ་ཁྱུང་པོ་གཡུ་ཁྲིས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་ཡིག་གཟུགས་ལ་གཞི་བྱས། དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ནས་ཡིག་གཟུགས་ལ་ཆ་ཆེན་དང་ཆ་ཆུང་གི་ཐིག་ཚད་བཏབས་ཏེ། ཡི་གེ་ཀྱག་ཀྱོག་མི་ཤོར་པར་ཞེང་ཚད་སྙོམས་ཤིང་མཐོ་དམའ་ཚད་ལྡན་ཡོང་པའི་ལག་ལེན་དར་སྤེལ་བཏང༌། བྲིས་རྒྱུན་དེར་བྱང་པའི་ཡིག་མཁན་སློབ་མའང་རྩེ་ཕུད་བཅུ་གཉིས་བྱུང་སྟེ་རྒྱུན་འཛིན་དར་སྤེལ་བཏང་ཞིང༌། ཡང་སློབ་ཀྱང་མཁས་པ་ཆེན་པོ་རོང་པོ་ཁོང་གིས《ཡི་གེའི་ཐིག་རིས་གསལ་བྱེད་རིན་ཆེན་སྒྲོམ་བུ》ཞེས་པའི་དབུ་ཅན་ཡིག་གཟུགས་ཀྱི་ཐིག་རིས་དང《ཡི་གེའི་ཆ་ཚད་བསྟན་བཅོས》ཞེས་དབུ་མེད་ཀྱི་ཐིག་རིས་གཉིས་མཛད་པ་བཅས་བོད་ཀྱི་ཡིག་གཟུགས་འབྲི་རྩལ་རྒྱུན་སྤེལ་མུར། བར་སྐབས་ཤིག་བོད་ནང་ཆོས་གཞུང་བཀའ་བསྟན་གསུང་རབ་སོགས་ཕབ་བསྒྱུར་དེབ་བཤུས་བྱེད་པའི་ལས་གཞི་རྒྱ་ཆེར་བྱུང་སྟེ། དེ་འབྲེལ་བོད་ཀྱི་ཡུལ་ལུང་སོ་སོའི་ཡིག་མཁན་མཁས་པ་མང་པོ་གདན་འཛོམས་ཐོག ཕན་ཚུན་བྲིས་རྒྱུན་གྱི་ལེགས་ཆ་སྤེལ་རེས་ཀྱིས་བོད་ཀྱི་ཡིག་གཟུགས་འབྲི་རྩལ་ལའང་སྔར་ལས་འཕེལ་རྒྱས་ཀྱི་སྐུལ་འདུད་གང་ལེགས་བྱུང༌།
       དེ་ནས་ཡང་དུས་རབས་བཅུ་གཉིས་པའི་དཀྱིལ་མཚམས་སུ་ལོ་ཆེན་རིན་ཆེན་བཟང་པོས་སྔར་མེད་བཀའ་བསྟན་གཞུང་པོད་མང་པོ་གསར་སྒྱུར་དང༌། བསྒྱུར་ཟིན་རྣམས་ལ་ཞུས་དག་མཛད་དེ་བོད་ཡུལ་གྱི་ཡིག་མཁན་མང་པོ་འབོད་འགུགས་གདན་ཞུས་ཀྱིས། ཡིག་གཟུགས་གཅིག་གྱུར་དུ་མཐིང་ཤོག་ཐོག་ཕབ་བྲིས་བགྱིས་ཏེ་གཞུང་བཀའ་པོད་མང་པོ་བཞེངས་བསྐྲུན་མཛད། དུས་རབས་བཅུ་གསུམ་པར་ས་པཎ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་བོད་ཁམས་ཡོངས་ལ་ས་སྐྱ་པས་བདག་དབང་བསྒྱུར་ཏེ། ས་སྐྱའི་སྤྲུལ་པའི་ལྷ་ཁང་གསར་གཞེངས་གནང་པ་དང་བསྟུན། ནང་རྟེན་གསུང་རབ་བཀའ་པོད་ཆོས་ཀྱི་བརྩིགས་པ་དང༌། པོད་ཆེན་ལྕགས་ལུང་ཆེན་མོ། འབྲོང་རྒྱབ་ཞེས་གྲགས་པ་སོགས་རིན་པོ་ཆེའི་རིགས་སྣ་འདུས་ཀྱིས་འབྲི་བཞེངས་བྱེད་པའི་ལས་གཞི་བཙུགས་ཏེ། བོད་ཁམས་ཡོངས་ཀྱི་ཡིག་མཁན་མཁས་པ་མང་པོ་ཆེད་འབོད་གདན་ཞུས་གནང༌། དེ་ལྟའི་བཀའ་པོད་འབྲི་བཞེངས་ཀྱི་བྱ་གཞག་རླབས་ཆེན་ཁྲོད་བོད་ཀྱི་ཡིག་གཟུགས་སྔར་ལས་གཏན་ཚུགས་སྤུས་ལེགས་སུ་གྱུར་ཏེ། སྐབས་དེ་ཙམ་དུ་ཡིག་གཟུགས་ལ་རྫབ་ཆེན་དང་རྫབ་ཆུང༌། འབྲུ་ཆེན་དང་འབྲུ་ཆུང༌། ཤར་མ་དང་དཀྱུས་མ། འབྲུ་ཆེན་ལའང་ལི་ལུགས་དང་ལྡན་ལུགས་གཉིས་ཡོད་པ་བཅས་ཀྱི་མི་འདྲ་བའི་དབྱེ་བཀར་མཛད་དེ། བཀའ་པོད་ཀྱི་ཆེ་བའི་དབང་རིམ་ལྟར་གསུང་རབ་ཆེན་པོ་དག་རྫབ་ཆེན་རྫབ་ཆུང་དང༌། རྒྱ་གར་གྱི་མཁས་པའི་གཞུང་འགྲེལ་རྣམས་འབྲུ་ཆེན། བོད་ཀྱི་མཁས་པའི་གཞུང་རྣམས་འབྲུ་ཆུང་དུ་བྲི་བའི་སྲོལ་ལུགས་ཤིག་ཀྱང་བྱུང་ཡོད་པར་མངོན།
       ཕྱིས་དུས་རབས་བཅུ་བཞི་པའི་ནང་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་སྐུ་རིང་ལ་སྔར་ལས་ལྷག་པར་གསུང་རབ་བསྟན་བཅོས་མང་པོ་ཤིང་དཔར་དུ་འདེབས་པའི་སྲོལ་གཞི་རྒྱ་ཆེ་བར་སྤེལ་བས། དབུ་ཅན་ཡིག་གཟུགས་འབྲི་ཚུགས་སྣ་གཅིག་ལྟ་བུར་སྣང་ནའང༌། ཤིང་དཔར་དུ་འགོད་པའི་དགོས་དབང་དང་བསྟུན་ཡིག་གཟུགས་ལ་ཁྱུང་བྲིས་དང༌། སྙེ་བྲིས། ཁམས་བྲིས་ཞེས་པའི་དབྱེ་བ་གསུམ་རིམ་པས་བྱུང་ཞིང༌། ཁྱད་པར་དུ་ཁྱུང་བྲིས་ནི་བཀའ་བསྟན་སོགས་གསེར་བྲིས་བགྱི་སྐབས་སྤྱོད་པ་མ་ཟད། ཡིག་གཟུགས་ཀྱི་འབྲི་རྩལ་ཡང་རྩེར་སོན་པ་ཞིག་ཡིན། དེང་གི་སྐབས་བོད་ལྗོངས་རྒྱལ་རྩེ་དཔལ་མགོན་ཆོས་སྡེའི་ནང་བཞུགས་གསེར་བྲིས་བཀའ་འགྱུར་ཐེམ་སྤངས་མ་དང༌། རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མར་དཔེ་བླངས་ཏེ་བཞེངས་པའི་འབྲས་སྤུངས་ཀྱི་གསེར་བྲིས་བཀའ་འགྱུར་འཛམ་གླིང་གཡས་བཞག་ཞུ་བ་དེ་གཉིས་ཁྱུང་བྲིས་ཀྱི་ཕྱག་རྒྱུན་དཔེ་ཡིན་སྐད། དེང་གི་ཆར་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཡིག་གཟུགས་སོགས་ངེད་ཅག་གིས་སྤྱོད་ཁྱབ་ཆེ་བའི་ཡིག་གཟུགས་འདི་ཁྱུང་པོ་གཡུ་ཁྲིའི་ཡིག་གཟུགས་ཀྱི་བྲིས་རྒྱུན་ཡིན་པར་བཤད།
ཁ། དབུ་མེད་ཡིག་གཟུགས།
       རང་རེ་བོད་ཀྱི་དབུ་མེད་ཡིག་གཟུགས་བྱུང་སྟངས་ཀྱི་ཐད་ནས་ཀྱང་སློབ་དཔོན་ཐོན་མིས་ཝརྟུ་ལ་དཔེ་བླངས་ནས་བཟོས་ཚུལ་གྱི་ལུགས་ཤིག་དང༌། ཐོན་མིའི་བོད་ཀྱི་ཡིག་གཟུགས་དབུ་ཅན་ཁོ་ན་གསར་གཏོད་མཛད་རྗེས་དེ་ལ་བརྟེན་ནས་ཡིག་གཟུགས་མགྱོགས་པའི་ངང་ཚུལ་ལས་བྱུང་པར་འདོད་པའི་ལུགས་གཉིས་སུ་སྣང༌། གང་ལྟར་བོད་ཀྱི་ཡིག་གཟུགས་སྤྱི་ཡོངས་ཀྱི་ཆ་ནས་འབྲི་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པའི་ནང་དབུ་མེད་ཡིག་གཟུགས་ལའང་ཡིག་མཁན་མཁས་པ་སོ་སོའི་བྲིས་རྒྱུན་མི་འདྲ་འགའ་ཤས་བྱུང་ཡོད་པར་མངོན། དེ་ལ་དུས་རབས་བརྒྱད་པའི་དཀྱིལ་ཙམ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཀྱི་རིང་སྔགས་སོགས་སྤེལ་བྱེད་དུ་སྤྱོད་པའི་བརྡ་ཡིག་དང༌། གཏེར་ཡིག་སོགས་ཡིག་གཟུགས་ཁྱད་མཚར་བ་རྣམས་དང༌། དེ་མིན་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གསར་བཏོད་མཛད་པའི་དཔེ་གསར་གྱི་ཡིག་གཟུགས། ཡོངས་གྲགས་དབུ་མེད་ཡིག་གཟུགས་འབྲུ་ཆེན་ནམ་འབྲུ་མ་ལ་ལི་ལུགས་དང་ལྡན་གཉིས་བྱུང་པའི་ལི་ལུགས་དུས་ནམ་ཞིག་ལ་ཡིག་མཁན་མཁས་པ་སུས་གསར་གཏོད་མཛད་ཚུལ་དང་བརྒྱུད་རིམ་སོགས་བོད་ཀྱི་ལོ་རྒྱུས་ཐོག་གསལ་ཆ་མེད་པ་དང༌། ལོ་རྒྱུས་ཡིག་ལམ་འགར་གསལ་བ་ལྟར་ན་ལི་ལུགས་ཀྱི་བྲིས་རྒྱུན་དེ་དེང་སང་རྒྱུན་ཆད་པར་བརྫོད་འདུག ལྡན་ལུགས་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་པའི་ལོ་ཙཱ་བ་མཁས་པ་ལྡན་མ་རྩེ་མངས་བྱ་བ་དེའི་བྲིས་རྒྱུན་ཡིན་པ་བཅས་སྐབས་ཐོག་དེར་དབུ་མེད་ཡིག་གཟུགས་མི་འདྲ་བ་བཞི་བཅུ་ཙམ་བྱུང་པར་གྲགས།
       དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་བོད་ཀྱི་ཡིག་གཟུགས་སྤྱི་ཡོངས་ཀྱི་ཆ་ནས་འཕོ་འགྱུར་བྱུང་རིམ་ཁྲོད། དུས་རབས་བཅུ་གསུམ་པའི་ནང་ས་སྐྱ་བའི་དབང་བསྒྱུར་སྐབས་བོད་ཡིག་དབུ་མེད་འབྲུ་ཚ་སྒོང་ཞབས་མ་ཞེས་པ་བྱུང་སྟེ་སྐབས་དེའི་གཞུང་ཡིག་ཐོག་སྤྱོད་ཁྱབ་ཆེ་བ་མ་ཟད། རྡོ་རིང་སོགས་སུའང་བཀོལ་སྲོལ་རྒྱུག་ཆེར་བྱུང༌། དེ་རྗེས་དགའ་ལྡན་ཕོ་བྲང་བའི་སྐབས་འབྲུ་ཚ་ཞབས་རིང་མ་ཞེས་པ་བྱུང་སྟེ་གཞུང་ཡིག་སོགས་སུ་སྤྱད། དེའི་ཕྱིས་དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུའི་སྟོད་ཀྱི་མཚམས་འབྲུ་ཚ་ཞབས་ཐུང་མ་ཞེས་པ་བྱུང་སྟེ་བོད་གཞུང་གི་ལས་སྒོའི་རྩ་ཚིག་དང་བཀའ་རྒྱ་སོགས་སུ་སྤྱོད་པ་བཅས་འབྲུ་ཚ་ལ་རིགས་མི་འདྲ་བ་གསུམ་བྱུང་ཡོད།
       ལྡན་ལུགས་དེ་བཞིན་བསྟན་པ་སྔ་ཕྱིར་རིམ་པས་ཡིག་མཁན་མཁས་པ་སོ་སོའི་ལག་རྩལ་བྲིས་རྒྱུན་མི་འདྲ་བ་སྣ་ཚོགས་ཤིག་བྱུང་སྟེ། དུས་རབས་འགའི་རིང་གཅིག་གྱུར་གྱི་གཏན་འཁེལ་མེད་པར་ཡུན་རིང་བརྒྱུད་མཐར། དུས་རབས་བཅོ་ལྔ་པའི་དུས་མགོ་ཙམ་ལ་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས། ཡུལ་ལུང་ཁག་ནས་སྔ་རབས་ཀྱི་ལྡན་ལུགས་ཡིག་གཟུགས་ལ་མཁས་པའི་ཡིག་མཁན་མང་པོ་འབོད་འགུགས་བྱས་ཏེ། དེ་དག་ལས་ཡིག་གཟུགས་ཡག་ཤོས་ཤིག་ལ་དཔེ་མཛད་ནས་དབུ་མེད་ཀྱི《ཐིག་རིས་ཐིག་བཤད》ཅེས་པ་བརྩམས་གནང་པ་དེ་མུར་ལྡན་ལུགས་ཀྱི་བྲིས་རྒྱུན་མ་ཉམས་པར། དེང་གི་སྐབས་ང་ཚོས་སྤྱོད་ཁྱབ་ཆེ་བའི་དབུ་མེད་ཀྱི་ཡིག་གཟུགས་འདི་ནི་ལྡན་ལུགས་ཀྱི་བྲིས་རྒྱན་ཡིན་པར་བཤད། ཕྱིས་སུ་དབུ་མེད་ཀྱི་ཐིག་རིས་དེ་དང་གོང་གསལ་མཁས་པ་ཆེན་པོ་རོང་པོས་མཛད་པའི་དབུ་ཅན་གྱི་ཐིག་རིས་དེ་གཉིས་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འགྲེལ་བཤད་མཛད་དེ་བཻཌཱུརྱ་གཡའ་སེལ་དུ་འཁོད་ཡོད་ལ། མ་ཟད་དབུ་ཅན་དང་དབུ་མེད་གཉིས་ཀྱི་ཐིག་ཚད་དང་ཡིག་གཟུགས་ལྷན་ཅིག་ཏུ་འཁོད་པའི་དཔེ་རིས་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་མདོ་སྨད་སྐུ་འབུམ་དགོན་དུ་ཤིང་དཔར་དུ་བརྐོས་པ་དང༌། དཔེ་རིས་དེ་དེང་སྐབས་སྐུ་འབུམ་ཆེ་ཤོས་རིན་པོ་ཆེའི་བླ་བྲང་དུ་བདག་གཉེར་བྱས་ཡོད་སྐད།
       དེ་ལྟར་དུས་རབས་རིམ་བྱུང་གི་ནང་དབུ་མེད་ཀྱི་ཡིག་གཟུགས་དེ་ལའང་འགྱུར་བ་སྣ་ཚོགས་ཤིག་བྱུང་སྟེ་དེང་གི་སྐབས་དེ་དག་ལས་འབྲུ་ཚ་དང༌། ཚུགས་རིང༌། ཚུགས་ཐུང༌། ཚུགས་ཆུང༌། འཁྱུག་མ་ཚུགས། འཁྱུག འཁྱུག་ཆེན་བཅས་རྒྱུན་ལྡན་སྤྱོད་ཁྱབ་ཆེ་ཤས་སུ་གྱུར་ཡོད་ནའང། དབུ་མེད་ཀྱི་ཡིག་གཟུགས་ལ་དབུ་ཅན་བཞིན་བཀའ་བསྟན་གསུང་རབ་བཤུ་འབྲི་དང་དཔར་འདེབས་བཅས་སུ་སྤྱོད་ཁྱབ་མི་ཆེ་བ་དང༌། སྔོན་ཆད་ཡུལ་ལུང་ཕན་ཚུན་འགྲིམ་འགྲུལ་ཞན་པ་བཅས་ཀྱི་རྐྱེན་དབང་གིས་བོད་ཆོལ་ཁ་གསུམ་དུ་ཁམས་བྲིས་དང༌། ཨམ་བྲིས། དབུས་བྲིས་བཅས་འབྲི་ཚུགས་མི་འདྲ་ཁག་གསུམ་བྱུང་སྟེ། ཡུལ་ལུང་སོ་སོའི་ནང་རྒྱུན་འཇགས་ཀྱིས་སྤྱོད་སྒོ་ཆེ་བའི་ཚུལ་དུ་དར་ཁྱབ་བྱུང་ཡོད།
       དབུ་མེད་ཡིག་གཟུགས་ལ་བྲིས་པ་མགྱོགས་ཤིང་འཁྱུག་པའི་འཁྱུག་ཡིག་དང་འཁྱུག་ཆེན་ནི་དུས་རབས་གོང་མ་དང༌།  ལྷག་པར་བསྟན་པ་ཕྱི་དར་སྐབས་རྒྱུག་ཆེ་བར་བྱུང་ཞིང༌། ཡིག་གཟུགས་འབྲི་རྩལ་རྩེར་སོན་ཞིག་ཡིན་སྟབས་དབུས་གཙང་གཙོས་ཚང་མས་དགའ་མོས་ཀྱིས་ཡིག་གཟུགས་གཞན་དག་ལས་སྤྱོད་ཁྱབ་ཤིན་ཏུ་ཆེ་བའི་ཡིག་གཟུགས་ཤིག་ཏུ་གྱུར་ཡོད།

       གཉིས་པ། ཡིག་གཟུགས་འབྲི་ཚུལ།

       ག ཡིག་གཟུགས་སྦྱོང་བའི་གོ་རིམ།

       དབུ་ཅན་དང་དབུ་མེད་གཉིས་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་དུས་འབྲི་སྲོལ་དང་བྱེད་ཐབས་ཀྱི་ཆ་ནས་མི་འདྲ་བར་སྣང་སྟེ། དབུ་ཅན་ཡིག་གཟུགས་ལ་མཚོན་ན་ཡིག་གཟུགས་སྣ་གཅིག་ལས་མེད་སྟབས་ཐོག་མར་གསལ་བྱེད་སུམ་ཅུ་དང་དབྱངས་བཞི། དེ་ནས་མགོ་འདོགས་སྦྱོར་ཚུལ་བཅས་གོ་རིམ་ཡོད་པའི་སྒོ་ནས། ཡི་གེ་སོ་སོའི་མགོ་དང༌། རྐེད། རྐང་པ་ལུས་བོངས་སོགས་ཀྱི་རིང་ཐུང་དང་ཞེང་ཚད་མཐོ་དམའ་བཅས་ཡ་ཀྱོག་མིན་པའི་ཚད་སྙོམས་པོར་བྱང་ཆུབ་པར་སྦྱང་དགོས། རབ་ཡིན་ན་ཐོག་མའི་དུས་ནས་ཚད་ཐིག་བཏབ་ནས་ལག་བྱང་དུ་གཏོང་རྒྱུ་གལ་ཆེ། དེ་མིན་ལག་ལ་གང་ཡོང་དང་སེམས་ལ་གང་ཤར་དུ་བྲིས་ན་ཡིག་གཟུགས་ཚད་ལྡན་ལེགས་པའི་བྱང་ཆ་མི་ཡོང་པར། ངན་གོམས་ཀྱི་ཡིག་གཟུགས་ཚད་མི་སྙོམས་པའི་འཁྱར་འཁྱོར་ཀྱག་ཀྱོག་ཏུ་འགྱུར་ངེས་པ་དང༌། དེ་ལྟར་ངན་གོམས་ལག་བྱང་དུ་སོང་ཕྱིན་ཆདབཅོས་བསྒྱུར་གྱིས་ཡིག་གཟུགས་ལེགས་པོ་ཞིག་སྦྱོང་རྒྱུའི་ཞེ་འདོད་ཆེ་ཡང་སྟོང་སྣང་ཙམ་ལས་གྲུབ་འབྲས་ཐོབ་པར་དཀའ་བས་དང་ཐོག་ནས་ཡིད་གཟབ་བྱ་རྒྱུ་གལ་ཆེ།
       དབུ་མེད་ཀྱི་ཡི་གེ་ལ་མཚོན་ན་སྣ་གཅིག་མ་ཡིན་པར་འབྲུ་ཚ་དང༌། ཚུགས་རིང་སོགས་འབྲི་ཚུལ་རྣམ་གྲངས་དུ་མ་ཞིག་ཡོད་སྟབས་འབྲི་སྦྱོང་ལ་གོ་རིམ་ཡོད་པའི་སྒོ་ནས་གོམས་པའམ་ལག་བྱང་དུ་གཏོངདགོས་པ་ལས། སྦྱང་བའི་བརྒྱུད་རིམ་མེད་པར་རང་སྣང་གང་ཤར་དུ་བྲིས་ན་ཡིག་གཟུགས་ཀྱི་འབྲི་རྩལ་མཐར་ཕྱིན་པ་ཞིག་མི་ཡོང་བར་སྔོན་བྱོན་ཡིག་མཁན་མཁས་པ་མང་པོའི་གསུང་རྒྱུན་དུ་སྣང༌།
       དེ་ལ་དང་ཐོག་ཡིག་གཟུགས་དགེ་རྒན་མཁས་པའི་མདུན་དུ་སམ་ཊའམ་སྦྱང་ཤིང་སྟེང་སྔོན་ལ་ཚུགས་རིང་གི་རིམ་པ་ནས་མགོ་བཙུགས་ཏེ། དེ་ནས་ཚུགས་ཐུང་དང༌། ཚུགས་ཆུང་བཅས་གོ་རིམ་ལྟར་བྱང་ཆུབ་པར་སྦྱངས་རྗེས། གཞི་ནས་ཤོག་བུའི་ཐོག་འབྲི་བའི་མགོ་བཙུགས་པའི་རིམ་པ་ལ་དང་པོར་ཚུགས་ཐུང་དང༌། དེ་ནས་འཁྱུག་མ་ཚུགས། འཁྱུག འཁྱུག་ཆེན་བཅས་རིམ་པས་གཟབ་ནན་ཞིབ་ཚགས་ཀྱིས་སྦྱངས་ཏེ་བྱང་ཆུབ་པ་བྱེད་དགོས་པ་ལས་གོ་རིམ་མེད་པར་གང་དྲན་དྲན་དུ་བསྲེས་ཏེ་འབྲི་མི་རུང༌། མདོར་བསྡུས་ཏེ་བཤད་ན་དབུ་མེད་ཡིག་གཟུགས་འཁྱུག་བྲིས་སོགས་གཞི་རྐང་ཚགས་ཚུད་པོ་དང་ལེགས་པོ་ཞིག་འབྲི་ཐུབ་པར། ཐོག་མར་ཚུགས་རིང་ལག་བྱང་གི་སྦྱང་བ་ངེས་པར་སྔོན་དུ་འགྲོ་དགོས་སོ།།
ཁ། སྨྱུ་གུ་བཟོ་བཀོལ།
       སྨྱུ་གུ་བཟོ་བའི་རྒྱུ་ནི་ཤིང་དང་སྨྱུག་མ་སོགས་ཡིན་པ་ལས་ཡོངས་ཁྱབ་གཙོ་ཆེ་བ་ནི་སྨྱུག་མ་ཡིན་ཞིང༌། སྨྱུ་གུ་བཟོ་བའི་རྒྱུ་སྨྱུག་མ་བཅད་གཏུབ་ཀྱིས་མེ་ཐབ་སོགས་ཀྱི་དུད་ཁུང་ཁར་བཏགས་ཏེ་དུ་བ་སིམས་ནས་སྲ་སྐམ་ཆགས་རྗེས་གཞི་ནས་སྨྱུ་གུ་བཞོགས་བཟོ་བྱེད་དགོས། སྨྱུ་གུའི་རིང་ཐུང་ཅི་དགོས་ཚད་བཅད་ཀྱིས་རྣོ་ངར་ཅན་གྱི་གྲིས་སྨྱུག་ཁ་བཟོ་སའི་རྩི་ཤུན་ལ་གས་ཆག་གི་རྨ་མི་བཏོད་པར་སྨྱུག་རྫིང་སོགས་བཟོ་དགོས། དེ་ལ་སྨྱུག་རྫིང་ཚད་རན་ཞིང་ཟབ་པོ་བཟོས་ན་སྨྱུག་ཁ་སྨྱུག་ཆུའི་ནང་བསུབ་ཐེངས་རེ་ལ་སྨྱུག་ཆུ་མང་པོ་འཛིན་ཐུབ་པ་དང༌། སྨྱུག་རྩེའི་སིལ་ཡུར་བཏོད་སྐབས་དམ་པའི་ཚུལ་དུ་བཟོས་ན་ཡིག་གཟུགས་འབྲི་སྐབས་སྨྱུག་ཆུ་ཤོག་སྟེང་དུ་མི་ཁྱབ་པའམ་མི་འདལ་བ། སིལ་ཡུར་ཅུང་ལྷོད་ན་སྨྱུག་ཆུ་རྒྱུག་པར་ཕན་པ་བཅས་ཀྱི་ཁྱད་ཆོས་ཡོད།
       སྨྱུག་ཁའམ་སྨྱུག་ཁམ་བཟོ་སྐབས་ཆེ་ཆུང་ཡིག་གཟུགས་ཕྲ་རགས་ཀྱི་ཚད་གང་འདྲ་ཞིག་དགོས་འདོད་ལྟར་སྨྱུག་རྩེའི་རྒྱབ་ངོས་ནས་དབུ་ཅན་ཡིན་ན་སྨྱུག་ཁམ་གཡོན་དུ་གསེག་ཆུང་དང༌། དབུ་མེད་ཡིན་ན་གཡས་སུ་གསེག་ཆུང༌། ལན་ཝར་གཉིས་ལ་གཡས་སུ་གསེག་ཆེན་དུ་གཏུབ་གཅོད་བྱེད་དགོས། བཅད་གཏུབ་ཀྱི་སྨྱུག་ཁའི་ཟུར་གཉིས་རྐོང་འབུར་གྱི་མཐོ་དམའ་མེད་པར་མཉམ་དགོས་པ་གལ་ཆེ་བ་དང༌། སྨྱུག་སྐེད་མཐེབ་མཛུབ་ཀྱི་འཛིན་ས་ཟླུམ་ཞིང་འཇམ་པོ་བཟོས་ན་ཡི་གེ་འབྲི་དུས་སྨྱུ་གུ་བསྐོར་བདེ། དེ་ལྟར་སྨྱུ་གུ་ལེགས་པར་བཟོ་གྲུབ་ཚར་རྗེས་སྨྱུག་རྩེ་མར་ཁུ་ཁོལ་མའི་ནང་བསིབས་ཏེ་ཕྱིས་ན། སྨྱུག་ཁ་སྲ་མཁྲེགས་ཆགས་ཏེ་གས་སིལ་མི་འབྱུང་དང༌། ཡིག་གཟུགས་འབྲི་དུས་སྨྱུག་ཆུ་རྒྱུག་པར་ཕན་རླབས་ཆེ་བར་གསུངས།
       ཡིག་གཟུགས་འབྲི་སྐབས་སྨྱུ་གུ་འཛིན་སྟངས་དང་ལུས་ཀྱི་འདུག་སྟངས་ཀྱི་ཆ་ནས་ཀྱང་སྒྲིག་འཛུགས་ཡོད་དགོས་པ་ཞིག་སྟེ། མཐོ་དམའ་ཚད་དང་ལྡན་པའི་མདུན་ཅོག་སོགས་ལ་བརྟེན་ནས་འབྲི་བའི་སྐབས། ལུས་གཡས་གཟུར་དང་གཡོན་གཟུར་མ་ཡིན་པ། ཧ་ཅང་སྒུར་བ་དང་དགྱེ་བའང་མ་ཡིན་པར་འདུག་ཚད་རན་པར་བསྡད་དེ་འབྲི་དགོས་པ་དང༌། ཡང་ན་སར་བསྡད་ནས་འབྲི་སྐབས་སྐྱིལ་དཀྲུང་གིས་རྐང་པའི་པུས་མོའི་སྟེང་འབྲི་ཤོག་དང་སམ་ཊ་བཞག་སྟེ་ལུས་སྟོད་ཀྲོང་ངེར་སྲོང་ནས་འབྲི་དགོས། སྨྱུ་གུ་འཛིན་སྐབས་མཐེབ་མཛུབ་གཉིས་དམ་ལྷོད་རན་པས་སྨྱུ་གུ་འཆང་ཞིང་དཀྱིལ་མཛུབ་སྨྱུ་གུའི་འོག་ཏུ་བརྟེན་ཏེ། མཛུབ་མོ་མས་མ་གཉིས་ནང་དུ་བསྐུམ་གུག་གིས་སྤར་ཁྱིམ་དུ་ཕུག་རོན་གྱི་སྒོ་ང་ཤོང་ཚད་ཙམ་སྟོང་པའི་ཚུལ་ཅན་དུ་བྲིས་ན་ཡིག་གཟུགས་ལེགས་པོ་ཡོང་བ་མ་ཟད། ལག་སོར་གྱི་ཁམས་རྩ་རྣམས་རང་རྣལ་དུ་བབས་ནས་ཡི་གེ་བྲིས་ཡུན་ཅི་ཙམ་རིང་ཡང་སོར་ཚུགས་དང་མཁྲིག་ཚུགས་མི་ན་བཅས་ཀྱི་ཕན་པ་ཆེ་བར་ཡིག་མཁན་མཁས་པའི་གསུང་རྒྱུན་དུ་གྲགས་པས་དེ་ལྟར་ལག་ལེན་དུ་བསྟར་རྒྱུ་གལ་ཆེའོ།།

ཐོ་བཀོད་མིང་།གསང་གྲངས། སྐུ་མགྲོན་དཔྱད་བརྗོད། ལྟ་ཚུལ།:སྙིང་བོ་མི་འདུགརྒྱབ་སྐྱོར་མེད།དབུ་མར་གནས།རྒྱབ་སྐྱོར་ཡོད།ལེགས་རྩོམ་དུ་འོས།