དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
སློབ་ཁྲིད་གྲ་སྒྲིག་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 146

       སུ་དང་གང་གིས་ཀྱང་མུན་སེལ་གྱི་སྒྲོན་མེ་དང་རྨོངས་འཇོམས་ཀྱི་སྟ་རེ་ཞེས་བསྔགས་པའི་ང་ཚོ་དགེ་རྒན་རྣམས་ལ་མཚོན་ན། དུས་དང་རྣམ་པ་ཀུན་ཏུ་ཕྲག་ཏུ་བབས་པའི་འོས་འགན་གཙོ་བོ་ནི་མིང་དོན་མཚུངས་པའི་དགེ་རྒན་བཟང་པོ་ཞིག་བྱ་རྒྱུ་དེ་ཡིན། འོ་ན་དགེ་རྒན་བཟང་པོ་ཞིག་ཇི་ལྟར་བྱ་དགོས་ཞེ་ན། དེ་ནི་སློབ་མའི་རྒྱུད་ལ་རིག་གནས་དང་ཀུན་སྤྱོད་ཡག་པོ་ཞིག་འབྱོར་དུ་འཇུག་རྒྱུ་དེའོ།། དེའི་རྩ་བ་ཡང་དུས་རྒྱུན་དུ་ཇི་ལྟར་བྱས་ན་ད་གཟོད་སློབ་མས་གོ་སླ་བའི་དཔེ་ཁྲིད་ཡག་པོ་ཞིག་ཡོང་ཐུབ་པ་དང་། ཇི་ལྟར་བྱས་ན་ད་གཟོད་སློབ་ཁྲིད་ཀྱི་འབྲས་བུ་ལེགས་པོ་ཐོབ་པ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཐུབ་པ་བཅས་ལ་བསམ་བློ་འཁོར་རྒྱུ་ནི་དགེ་རྒན་བཟང་པོ་ཞིག་བྱེད་པའི་གནད་འགག་ཡིན།དེ་ཡང་དཔེ་ཁྲིད་ལེགས་པོ་ཞིག་འཁྱོངས་མིན་དེ་སློབ་ཁྲིད་ཀྱི་གྲ་སྒྲིག་ལེགས་པོ་བྱས་མིན་ལ་ཐད་ཀར་འབྲེལ་བ་ཡོད་པས།བདག་གིས་ལོ་ངོ་མང་པོར་དགེ་རྒན་གྱི་ལས་ལ་གཞོལ་བའི་ཉམས་མྱོང་དང་བསྒྲགས་ཏེ།རང་གི་ལས་གྲོགས་རྣམས་ལ་བསམ་བློ་བརྗེ་རེས་བྱས་པ་དང་ཁོ་ཚོ་དང་མཉམ་དུ་ཉམས་མྱོང་འཚོལ་སྡུད་བྱས་པའི་རྨང་གཞིའི་སྟེང་།རང་ཉིད་ཀྱིས་དུས་རྒྱུན་ཁོམ་སྐབས་སུ་ད་ལྟའི་སློབ་ཁྲིད་བྱེད་ཐབས་སྐོར་གྱི་རྩོམ་ཡིག་དང་དཔེ་དེབ་གང་མང་བཀླགས་པ་བརྒྱུད།སློབ་ཁྲིད་གྲ་སྒྲིག་སྐོར་ནས་རང་གི་ལྟ་ཚུལ་མདོ་ཙམ་བརྗོད་པར་བྱ་སྟེ།སྤྱིར་བསླབ་ཚན་སོ་སོའི་སློབ་ཁྲིད་གྲ་སྒྲིག་བྱེད་པར་བྱེ་བྲག་ཏུ་མི་འདྲ་ས་མང་མོད་སྤྱིར་བཏང་དུ་གཤམ་གྱི་ཕྱོགས་འགའ་ཡོད་པ་སྟེ།
     གཅིག རང་ཉིད་ཀྱི་ཁྲིད་བྱའི་བསླབ་གཞིར་ཞིབ་དཔྱོད་གང་ལེགས་བྱེད་པ།
     རང་ཉིད་ཀྱི་ཁྲིད་བྱའི་བསླབ་གཞིར་ཞིབ་དཔྱོད་གནད་དུ་ཐིངས་པ་ཞིག་བྱ་དགོས་ན།ཐོག་མར་སློབ་ཁྲིད་རྩ་གནད་དང་སློབ་དེབ་ལ་ཞིབ་དཔྱོད་བྱེད་པ་དང་། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་དག་ལ་ལྟ་ཀློག་བཅས་བྱ་དགོས།
       དེ་ཡང་སློབ་ཁྲིད་རྩ་གནད་དང་སློབ་དེབ་ནི་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པའི་ཕྱོགས་སྟོན་ཡིག་ཆ་དང་གཞི་འཛིན་ས་གཙོ་བོ་ཡིན་ཕྱིར།སློབ་ཁྲིད་རྩ་གནད་དང་སློབ་དེབ་ཁོང་དུ་ཆུད་པར་བྱ་བ་ནི་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པའི་རྩ་བའི་ནང་དོན་ཡིན།དེ་བས།ང་ཚོ་དགེ་རྒན་རྣམས་ཀྱིས་ཁྲིད་པར་བྱ་བའི་རིག་གཞུང་ཚན་ཁག་དེའི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་སློབ་དེབ་མ་ལག་གི་སྒྲིག་སྲོལ།གཞི་རྩའི་ནང་དོན་བཅས་ཕྱོགས་ཡོངས་ནས་གསལ་བོ་ཞིག་ཤེས་པར་བྱ་དགོས་ཤིང་།རིག་གཞུང་ཚན་ཁག་དེའི་སློབ་ཁྲིད་ཀྱི་ཁྱད་ཆོས་དང་དོ་སྣང་བྱ་དགོས་པའི་གནད་དོན་སོགས་ལའང་ཤེས་རྟོགས་གསལ་བོ་ཡོང་དགོས།དགེ་རྒན་གྱིས་སློབ་ཁྲིད་སྐབས་ཀྱི་རྩ་གནད་ལ་དམིགས་ནས་སློབ་དེབ་ཀྱི་ནང་དོན་ཡོངས་རྫོགས་ཁོང་དུ་ཆུད་པར་བྱ་དགོས་ལ།ལྷག་པར་སློབ་ཐུན་དེའི་རྩ་བའི་ཆོས་ཉིད་ཅན་གྱི་ཤེས་བྱའི་གོ་དོན་མཐིལ་རྟོགས་པར་བྱས་ཏེ།ལེའུ་དང་ས་བཅད་སོ་སོའི་གཙོ་གནད་དང་དཀའ་གནད་རྣམས་ཁོང་དུ་ཆུད་དགོས།
       གཉིས། སློབ་ཁྲིད་མ་བྱས་གོང་སློབ་མར་རྒྱུས་ལོན་བྱེད་པ།
       སློབ་མར་རྒྱུས་ལོན་བྱེད་པ་ནི་སློབ་ཁྲིད་གྲ་སྒྲིག་གི་རྩ་བའི་སྔོན་འགྲོ་ཡིན་ལ།དགེ་རྒན་གྱིས་སློབ་ཁྲིད་དེའི་དོན་དངོས་དང་སྦྲེལ་ནས་སློབ་མ་རྣམས་ཀྱི་བསམ་བློའི་འཁོར་ཕྱོགས་དང་སློབ་སྦྱོང་གི་རྣམ་པ།འཚོ་བའི་གོམས་སྲོལ།དུས་རྒྱུན་གྱི་བྱ་བྱེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཏེ།ད་ལྟ་འཆད་པའི་ཤེས་བྱས་སློབ་མའི་སྐབས་བབ་ཀྱི་སློབ་སྦྱོང་ལ་ནུས་པ་གང་འདྲ་ཞིག་ཐོན་ཐུབ་པར་ཞིབ་འཇུག་བྱེད་པ་དང་།སློབ་མ་དང་སློབ་ཁྲིད་དེའི་གནས་ཚུལ་ལ་དམིགས་ནས་སློབ་མའི་བློ་སྒོ་འབྱེད་པ་དང་།ཁྱད་པར་དུ་སློབ་མ་ཕུལ་བྱུང་ཅན་དང་རྗེས་ལུས་ཅན་གཉིས་ཀྱི་སློབ་སྦྱོང་གི་གནད་དོན་ཇི་ལྟར་ཐག་གཅོད་པར་མནོ་བསམ་ལེགས་པོ་བཏང་ནས་དགེ་རྒན་གྱི་བསམ་ཚུལ་དེ་སློབ་ཁྲིད་ཀྱི་འཆར་གཞིར་འགོད་དགོས།དེ་ལྟར་བྱས་ན་ད་གཟོད་སློབ་ཁྲིད་མ་བྱས་གོང་དུ་སློབ་མའི་རྒྱུད་ལ་ཡོན་ཏན་ཇི་ལྟ་བུ་ཞིག་འབྱོར་རྒྱུའི་དམིགས་ཡུལ་དེ་དགེ་རྒན་རང་ཉིད་ཀྱི་བློ་ངོར་གསལ་བོར་ངེས་ཐུབ་པས།སློབ་ཁྲིད་ཀྱི་སྐབས་སུའང་དམིགས་ཡུལ་དེར་གཟས་ནས་སློབ་ཁྲིད་བྱས་ན་ནི།དགེ་རྒན་རང་ཉིད་ཀྱིས་བློ་བདེ་བག་ཕེབས་ངང་སློབ་ཐུན་གཅིག་གི་དུས་ཚོད་ལེགས་པོར་བེད་སྤྱོད་ཐུབ་པར་མ་ཟད།སློབ་མ་རྣམས་ཀྱིས་ཀྱང་སུན་སྣང་དང་རྣམ་གཡེང་མི་བྱེད་པའི་སྒོ་ནས་སློབ་ཁྲིད་ལ་ཉན་པ་དང་། སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་ལེགས་པོ་ཞིག་ཐོན་ངེས་རེད།
       གསུམ། སློབ་ཁྲིད་བྱེད་ཐབས་ཇུས་འགོད་ཡང་དག་བྱེད་པ།
       སློབ་ཁྲིད་བྱེད་ཐབས་ཇུས་འགོད་ཡང་དག་བྱ་རྒྱུ་ནི་སློབ་དེབ་ལ་ཞིབ་དཔྱོད་དང་སློབ་མར་རྒྱུས་ལོན་བྱས་པའི་རྨང་གཞིའི་ཐོག་སློབ་དེབ་ཀྱི་ནང་དོན་དེ་སློབ་མ་ཚོར་གོ་བདེ་བ་དང་བློ་ལ་ངེས་བདེ་བའི་སྒོ་ནས་ཇི་ལྟར་འཁྲིད་པའི་ཐད་ནས་ཇུས་འགོད་བྱ་རྒྱུ་དེ་ཡིན།དེར་ང་ཚོས་བྱེད་ཐབས་གང་ཞིག་སྤྱོད་པའི་ཐད་ནས་ཐོག་མར་སློབ་ཁྲིད་ཀྱི་འོས་འགན་ཅི་ཡིན་པ་གསལ་བོར་ཤེས་དགོས་པ་དང་།དེ་ནས་སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་ཁྱད་ཆོས།སློབ་གྲྭའི་ཆ་རྐྱེན།དགེ་རྒན་རང་གི་ནུས་པ་བཅས་ཕྱོགས་མང་པོར་བསམ་གཞིག་བཏང་བ་བརྒྱུད།སློབ་ཁྲིད་གཅིག་གི་དུས་ཚོད་ནང་ཐོག་མར་མགོ་གང་ནས་བརྩམ་རྒྱུ་དང་དེ་ནས་ཁྲིད་བྱའི་ནང་དོན་གང་ཞིག་གཙོ་བོར་བཟུང་ནས་སློབ་མ་ཚོར་ཕྲ་ཞིང་ཞིབ་པའི་སྒོ་ནས་འཆད་རྒྱུ།དེ་ནས་སློབ་མ་ཚོར་ངེས་པར་ཤེས་དགོས་པའི་གནད་གང་ཡིན་པ་བསྐྱར་དུ་ནན་བཤད་རྒྱག་པ་སོགས་ཇུས་འགོད་གསལ་བོ་ཞིག་བྱ་དགོས།
       བཞི། སློབ་ཁྲིད་ཀྱི་འཆར་གཞི་ལེགས་པོ་ཞིག་འགོད་དགོས།
       དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་བྱེད་པའི་སྐབས་སུ་བསླབ་གཞི་ལ་ཞིབ་དཔྱོད་བྱེད་པ་དང་།སློབ་མར་རྒྱུས་ལོན་བྱེད་པ།སློབ་ཁྲིད་བྱེད་ཐབས་ཇུས་འགོད་བྱེད་པ་སོགས་ཀྱི་གྲ་སྒྲིག་བྱས་ཚར་རྗེས་ད་དུང་སློབ་ཁྲིད་ཀྱི་འཆར་གཞི་ལེགས་པོར་འགོད་དགོས།སློབ་ཁྲིད་ཀྱི་འཆར་གཞི་འགོད་པ་ལ་གཤམ་གྱི་ནང་དོན་འགའ་ཚང་དགོས་ཏེ། (1 སློབ་སྐབས་སམ་སློབ་ལོའི་སློབ་ཁྲིད་མྱུར་ཚད་ཀྱི་འཆར་གཞི་འབྲི་དགོས།སློབ་སྐབས་སམ་སློབ་ལོ་རེ་རེའི་མགོ་མ་ཚུགས་གོང་ལ་དགེ་རྒན་གྱིས་སློབ་ཁྲིད་རྩ་གནད་སློབ་སྦྱོང་བྱེད་པ་དང་།སློབ་དེབ་ཧྲིལ་བོ་ཀློག་པ།དེ་མིན་སློབ་མར་རྒྱུས་ལོན་བྱས་པའི་གནས་ཚུལ་སོགས་དང་སྦྲེལ་ཏེ་སློབ་ཁྲིད་ཀྱི་མྱུར་ཚད་འཆར་གཞི་འབྲི་དགོས།སློབ་ཁྲིད་ཀྱི་མྱུར་ཚད་འཆར་གཞི་འབྲི་བ་ལ།སློབ་མ་རྣམས་ཀྱི་གཞི་རྩའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་གཅིགསློབ་ཁྲིད་ཀྱི་དམིགས་ཡུལ་དང་བླང་བྱ་གསལ་བོར་འདོན་པ་དང་གཉིས།སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གསལ་བོར་འབྲི་བ་དང་གསུམ།སློབ་ཚན་སོ་སོའི་སློབ་ཁྲིད་ཀྱི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་པ་བཅས་ཀྱི་ནང་དོན་བཞི་ངེས་པར་ཚང་དགོས་སོ།། (2 སྡེ་ཚན་འཆར་གཞི་འབྲི་དགོས།སློབ་སྐབས་ཀྱི་སློབ་ཁྲིད་མྱུར་ཚད་ལ་འཆར་གཞི་གསལ་བོར་བཀོད་པའི་རྨང་གཞིའི་སྟེང་སློབ་དེབ་ཀྱི་སྡེ་ཚན་རེ་རེར་བསམ་གཞིག་བྱེད་པ་དང་།སློབ་ཚན་གྱི་མཚན་བྱང་དང་སློབ་ཁྲིད་ཀྱི་དམིགས་ཡུལ།སློབ་ཁྲིད་ཀྱི་བྱེད་ཐབས།སློབ་ཁྲིད་ཀྱི་རྣམ་གྲངས་སོགས་ལ་སྡེ་ཚན་གྱི་འཆར་གཞི་གསལ་བོ་འགོད་དགོས། (3 སློབ་ཐུན་འཆར་གཞི་འབྲི་དགོས།སློབ་ཐུན་འཆར་གཞི་ནི་སྡེ་ཚན་འཆར་གཞིའི་རྨང་གཞི་ཐོག་སློབ་ཚན་རེ་རེའི་སློབ་ཁྲིད་ཀྱི་འཆར་གཞི་འབྲི་བ་སྟེ།དེ་ནི་སློབ་ཁྲིད་གྲ་སྒྲིག་གི་བྱ་བའི་ནང་གི་ཆེས་གཞི་རྩ་དང་།ཆེས་བྱེ་བྲག་པ།ཆེས་དོན་ཐོག་ཏུ་འཁྱོལ་བ་ཡིན་པས་ཧ་ཅང་གལ་ཆེ་བ་ཞིག་ཡིན།སློབ་ཐུན་འཆར་གཞི་ཆ་ཚང་ཞིག་ཡིན་ན་དེར་འཛིན་གྲྭའི་མིང་དང་། རིག་ཚན་གྱི་མིང་། སློབ་ཁྲིད་ཀྱི་དུས་ཚོད། སློབ་ཚན་གྱི་མཚན་བྱང་། སློབ་ཁྲིད་ཀྱི་དམིགས་ཡུལ། སློབ་ཚན་གྱི་རིགས། སློབ་ཁྲིད་བྱེད་ཐབས།སློབ་ཁྲིད་ཀྱི་གོ་རིམ་བཅས་ཚང་དགོས་ལ།ཕུལ་བྱུང་དགེ་རྒན་ཁ་ཤས་ཀྱི་སློབ་ཁྲིད་འཆར་གཞིའི་མཇུག་ཏུ་ད་རུང་སློབ་ཁྲིད་རྗེས་ཀྱི་དབྱེ་ཞིབ་རང་བཞིན་གྱི་བསམ་འཆར་ཐུང་ངུ་རེ་ཡང་བྲིས་ཡོད།དེ་ནི་སློབ་ཁྲིད་ལེགས་པོ་ཡིན་མིན་དང་སློབ་ཁྲིད་ཁྲོད་མི་འདང་སར་དབྱེ་ཞིབ།དགེ་རྒན་ཕན་ཚུན་བར་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ་བཅས་བརྒྱུད་དེ་སློབ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་ལེགས་པོ་ཞིག་ཡིན།།