དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
སློབ་ཆུང་སློབ་མའི་རྩིས་རིག་ལས་བྱ་བཀོད་སྒྲིག་བྱེད་སྟངས་རགས་ཙམ་གླེང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 251

       ཁྲིད་ཚན་གསར་བ་ལག་ཏུ་བསྟར་བ་ནས་བཟུང་།ང་ཚོའི་ཉིན་རྒྱུན་གྱི་སློབ་ཁྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།སྤྱོད་གོ་ཆོད་པའི་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་ལག་ལེན་དངོས་ཀྱི་ཁྲོད།སློབ་གྲྭའམ་དགེ་རྒན་གང་མང་ཞིག་གིས་ང་ཚོར་ཕུན་སུམ་ཚོགས་པའི་དཔྱད་གཞི་མཁོ་འདོན་བྱས་མོད།འོན་ཀྱང་། ལས་བྱ་བཀོད་སྒྲིག་ཐད་དགེ་རྒན་གང་མང་ཞིག་གིས་ཁྲིད་བྱའི་བསླབ་དེབ་གཞིར་འཛིན་པའམ་དེང་སང་ཚོང་རར་བཀྲམ་པའི་རྒྱུགས་གཞི་གཙོར་བཟུང་བས་ལས་བྱའི་བཀོད་སྒྲིག་ལ་ངོས་ཟིན་གསལ་བོ་བྱུང་མེད།ལས་བྱ་བཀོད་སྒྲིག་བྱེད་པ་དེ་ནི་སློབ་ཁྲིད་སྐབས་བསླབ་ཟིན་པའི་ཤེས་བྱར་བསྐྱར་སྦྱོང་དང་སློབ་མའི་རྩིས་རིག་བསླབ་པ་དང་རིག་ལམ་རྒྱ་སྐྱེད་པའི་ལག་ལེན་བྱ་འགུལ་རིགས་ཤིག་ཡིན་ལ།སློབ་མའི་ཁེར་རྐྱང་གིས་ལས་འགན་ལེགས་འགྲུབ་འབྱུང་ཐུབ་མིན་སྐོར་ཚོད་ལེན་ཐེངས་ཤིག་ཀྱང་ཡིན།གལ་ཏེ་ལས་བྱ་བཀོད་སྒྲིག་བྱས་པ་ཚན་རིག་དང་མ་མཐུན་ཚེ། སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ལྕི་རུ་བཏང་བར་མ་ཟད། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་ངམ་འདུན་པ་ཚར་དུ་བཅད་པ་དང་གཉིས་སུ་མ་མཆིས། དེ་ན་ཁྲིད་ཚན་གསར་བ་གཞིར་བཟུང་ནས་སློབ་མར་སྤྲོ་བ་ཡོད་ཅིང་ནུས་པ་ལྡན་པའི་ལས་བྱ་ཇི་ལྟར་བཀོད་སྒྲིག་བྱེད་པ་ནི་ང་ཚོ་རྩིས་རིག་དགེ་རྒན་ཚོའི་མདུན་དུ་ལྷགས་པའི་གནད་དོན་ཞིག་ཡིན་པས་མཐོང་ཆེན་གནང་བར་འཚལ།ཕྲན་གྱིས་ལོ་དུ་མའི་རིང་རྩིས་རིག་དགེ་རྒན་གྱི་ལས་གཉེར་ལས་སློབ་ཆུང་སློབ་མར་རྩིས་རིག་ལས་བྱ་བཀོད་སྒྲིག་ཐད་གཤམ་གྱི་མྱོང་ཚོར་འགའ་ཐོབ།

       གཅིག སྤྲོ་སྣང་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་ལས་སློབ་སྦྱོང་གི་སེམས་ཚེགས་ཇེ་ཡང་དུ་གཏོང་བ།

       ལོ་ན་ཕྲ་བའི་སློབ་ཆུང་སློབ་མས་ནམ་ཡང་གསར་བྱུང་ངམ་འགྱུར་ལྡོག་ཆེ་བའི་དངོས་པོ་རིགས་ཤིག་ལ་ཤེས་འདོད་པའི་སྤྲོ་བ་ཆེན་པོ་སྐྱེ་སྲིད། འདི་ལས་ཁོ་རང་ཚོའི་བསམ་གཞིག་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ་ལ་ཤེས་བྱར་སྐོམ་པའི་ཆུ་འདོད་ཀྱི་ནུས་པ་ཐོན་ཐུབ་པས།ཆོས་ཉིད་འདི་གཞིར་བཟུང་ནས་ང་ཚོས་ལས་བྱ་བཀོད་སྒྲིག་བྱེད་སྐབས་བྱིས་པའི་སྤྲོ་སྣང་བསླངས་ཐུབ་པའི་ལས་བྱ་བཀོད་སྒྲིག་བྱ་དགོས།འདི་ལས་སློབ་མ་དེས་སེམས་སྤྲོ་བའི་སྒོ་ནས་སློབ་སྦྱོང་བྱེད་ཐུབ།

       གཉིས།དངོས་སྤྱོད་ཀྱི་ལས་བྱ་བཀོད་སྒྲིག་ལས་རྩིས་རིག་གི་ངོ་བོ་མཚོན་པར་བྱེད།

       སློབ་ཆུང་སློབ་མའི་རྩིས་རིག་བསླབ་དེབ་ཀྱི་རྩོམ་སྒྲིག་དེ་ཡང་འཚོ་བ་དངོས་དང་ཉེ་བར་བཅའ་བ།འཚོ་བའི་གནས་ལུགས་མཚོན་པ།འཚོ་བའི་ནང་དུ་བཀོལ་ཐུབ་པ་ལྟར་བསྒྲིགས་ཡོད་པས་རྩིས་རིག་ལས་བྱའི་བཀོད་སྒྲིག་དང་སློབ་མའི་འཚོ་བ་དངོས་གཉིས་ཟུང་འབྲེལ་བྱས་ནས་སློབ་མའི་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་བྱ་བཀོད་སྒྲིག་བྱ་དགོས་པ་དང་། འདི་ལས་སློབ་མས་བསླབས་ཟིན་པའི་རྩིས་རིག་ཤེས་བྱ་བཀོལ་ནས་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སེལ་བའི་ནུས་པ་སྐྱེད་སྲིང་བྱ་དགོས། དཔེར་ན། 《མི་དམངས་སློབ་གསོ》 དེབ་བཅུ་གཅིག་སྟེང་གི་ཁྲལ་འཇལ་བ་དང་འཕར་ཁའི་ལེའུ་འདི་བསླབ་བརྗེ་བདག་གིས་སློབ་མ་ཚོར་རེའུ་མིག་ཅིག་འབྲི་བའི་ལས་བྱ་བཀོད་སྒྲིག་བྱས་ཏེ། རང་གི་ཕ་ཡུལ་གྱི་དངུལ་ཁང་དུ་སོང་ནས་སྐབས་ཐོག་དེའི་འཕར་ཁའི་རེའུ་མིག་བཤུ་འབྲི་བྱེད་དུ་བཅུག་པར་མ་ཟད།ཁོ་ཚོར་མི་རེར་སྒོར 4000 རེ་ཡོད་པའི་དབང་དུ་བཏང་ན།དུས་ཡུན་ག་ཙམ་དངུལ་ཁང་དུ་བསོག་པ་རང་ལ་དབང་།གལ་ཏེ་སྒོར་མོ་ཕྱིར་ལེན་པའི་སྐབས་ཐོག་དེར་རང་ལ་འཕར་ཁའི་དངུལ་ག་ཙམ་ཡོད་པ་རྩིས་རྒྱག་ཏུ་བཅུག ལས་བྱ་འདི་ལྟར་བུ་ཡིན་ན་འཛིན་གྲྭའི་བརྒྱ་ཆའི་དགུ་བཅུ་ཡན་གྱི་སློབ་མས་ལེགས་འགྲུབ་བྱུང་ཡོད།

       གསུམ།འཚོལ་ཞིབ་རང་བཞིན་གྱི་ལས་བྱ་ལས་སློབ་མའི་གསར་གཏོད་ནུས་པ་སྐྱེད་སྲིང་བྱེད་པ།

       ཁྲིད་ཚན་གསར་བས་སློབ་མའི་འཚོལ་ཞིབ་ནུས་པ་སྐྱེད་སྲིང་བྱེད་པར་སྐུལ་སློང་བྱེད་ཀྱིན་ཡོད།ཡུན་རིང་བོའི་སློབ་ཁྲིད་ཁྲོད་རྒྱ་ཆེའི་དགེ་རྒན་ཚོས་ལས་བྱ་བཀོད་སྒྲིག་བྱེད་པ་དེ་ནི་སློབ་མའི་བསླབས་ཟིན་པའི་ཤེས་བྱར་མི་བརྗེད་པའི་ཆེད་དུ་ཡིན་པར་བསམ།དེ་ལྟར་ཡིན་ན་ལས་བྱ་དེ་ཡང་སྔར་ཡོད་ཀྱི་ནུས་པ་ཐོན་དཀའ། དགེ་རྒན་ལ་ལས་བསམ་ན་ལས་བྱ་བཀོད་སྒྲིག་བྱས་པ་ག་ཙམ་མང་ན་སློབ་མས་རྒྱུད་ལ་ཤེས་བྱ་ཆུད་པ་དེ་ཙམ་མང་བསམ།དོན་ངོ་མར་དེ་ལས་ལྡོག་སྟེ་འདི་འདྲའི་ལས་བྱ་ཡིས་སློབ་མའི་གསར་གཏོད་ནུས་པར་འགག་རྐྱེན་ཐེབས་སྲིད།འདི་ཡང་དགེ་རྒན་མང་ཤོས་ཀྱི་དཀའ་ཁག་ཞིག་ཏུ་གྱུར་འདུག་སྙམ།དེར་བརྟེན། ལས་བྱ་བཀོད་སྒྲིག་བྱེད་སྐབས་སློབ་མའི་རྒྱུད་ལ་འབྱོར་ཡོད་པའི་ཤེས་བྱ་གཞིར་བཟུང་ནས་སློབ་མའི་རང་འགུལ་རང་བཞིན་སྐུལ་སློང་བྱེད་ཐུབ་པའི་ཚོད་ལྟའམ་བསམ་གཞིག་གཏོང་བ་གཙོ་ཡིན་པའི་ལས་བྱ་བཀོད་སྒྲིག་བྱ་དགོས། དེ་ལྟར་ན་སློབ་མ་དེ་ཡང་གནད་དོན་འཚོལ་མཁན་ཞིག་དང་དཀའ་ཁག་སེལ་མཁན་ཞིག་ཏུ་གྱུར་ལ་བྲིས་པའི་ལས་བྱ་དེ་ཡང་ཡུན་རིང་བོར་བརྗེད་མི་སྲིད་པ་ཡིན།དཔེར་ན། ང་ཚོས་འཁོར་མདའ་ཆ་འགྲིག་རི་མོའི(轴对称图形) ལེའུ་དེ་བསླབས་རྗེས་བདག་གིས་སློབ་མ་ཚོར་རང་གི་ལག་ཏུ་ཡོད་པའི་སློབ་སྦྱོང་ཡོ་བྱད་བཀོལ་ནས་འཁོར་མདའ་ཆ་འགྲིག་རི་མོའི་ཁྱད་ཆོས་དང་བསྟུན་ནས་འཁོར་མདའ་ཆ་འགྲིག་གི་རི་མོ་ཞིག་ཇུས་འགོད་བྱེད་དུ་བཅུག་ཆོག ཕྱི་ཉིན་སློབ་མ་ཚོས་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་བརྩམས་ཆོས་སྣ་མང་ཁྱེར་ཡོང་བ་ཡིན། རིགས་མི་འདྲ་བའི་རི་མོའི་ནང་དུ་ཐུན་མོང་གི་ཁྱད་ཆོས་ཉག་ཅིག་ཡོད་པ་ནི་རི་མོ་ཚང་མ་འཁོར་མདའ་ཆ་འགྲིག་ཅན་ཡིན་པ་ནི་བཤད་མ་དགོས་པ་ཡིན།ལས་བྱ་འདི་ལས་སློབ་མ་ཚོས་འཁོར་མདའ་ཆ་འགྲིག་རི་མོའི་ལེའུ་དེའི་ནང་དོན་ཁུང་དུ་ཆུད་ཡོད་མེད་གསལ་བོ་ཤེས་ཐུབ།ཡང་དཔེར་ན། ཕབ་ཆ(折扣)ཞེས་པའི་ལེའུ་དེ་ཁྲིད་པའི་སྔོན་ལ་བདག་གིས་སློབ་མ་ཚོར་སྔོན་སྦྱོང་ལས་བྱ་ཞིག་བཀོད་སྒྲིག་བྱས་པ་ནི་ཚོང་ཁང་ནང་དུ་སོང་ནས་ཚོང་ཟོག་གང་དག་གི་རིན་གོང་གཅོག་འཕྲི(打折) བྱེད་ཀྱིན་ཡོད་པ་དང་།གཅོག་འཕྲི་བྱས་རྗེས་ཀྱི་རིན་གོང་དེ་སྔོན་ལས་མཐོའམ་དམའ།གཅོག་འཕྲི་བྱས་རྗེས་སུ་གོང་ག་ཙམ་ཡིན་པ་སོགས་རྟོག་ཞིབ་ལ་མངགས། འདི་འདྲའི་ལས་བྱ་ནི་སློབ་མ་ཚོ་སེམས་སྤྲོ་བའི་ངང་ནས་དང་དུ་ལེན་པར་མ་ཟད།སློབ་མ་རེ་རེས་ཕབ་ཆ་ཞེས་པའི་དོན་གྱི་ངོ་བོ་ཡང་གསལ་བོར་ཤེས་ཐུབ། བདག་གི་མྱོང་ཚོར་ལྟར་ན།འདི་འདྲའི་ལས་བྱ་ཡིས་སློབ་མ་ཚོར་ཤེས་བྱ་འབྱོར་ཐུབ་པ་ལས་གཞན་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སེལ་བའི་ནུས་པ་སྐྱེད་སྲིང་བྱ་ཐུབ། འདི་ཡང་རྩིས་རིག་ཁྲིད་ཚན་འདི་བསླབ་དགོས་པའི་དམིགས་གཏད་ས་མིན་ནམ།

       བཞི།གོ་རིམ་ཅན་གྱི་ལས་བྱ་ལས་སོ་སོའི་བར་ཁྱད་མངོན་པར་གསལ།

       སྐྱེ་སྟོབས་ཀྱི་ཤེས་རབ་དང་ཁྱིམ་ཚང་།སློབ་གསོ་སོགས་སོ་སོའི་ཧེ་བག་མི་འདྲ་བའི་དབང་གིས་སློབ་མ་རེ་རེས་རྩིས་རིག་ཤེས་བྱ་དང་རྩིས་རིག་ནུས་པ་ཡང་མི་འདྲ་བ་ནི་སྨྲས་མེད་ཡིན། ནུས་པ་མི་འདྲ་བའི་སློབ་མར་ཚད་ཐིག་འདྲ་བའི་ལས་བྱ་འབྲི་རུ་བཅུག་པ་དེ་ནི་མི་རྒན་གཞོན་གཉིས་ལ་ལྗིད་ཚད་འདྲ་བའི་རྡོ་ཏོག་ཅིག་འཁུར་དུ་བཅུག་པ་དང་གཉིས་སུ་མ་མཆིས་ཏེ།རྒན་པོར་ལྗིད་ཆེ་བ་དང་གཞོན་པར་ཡང་ཆེ་བ་ཡིན། དེར་བརྟེན།འཛིན་གྲྭ་གཅིག་གི་སློབ་མ་ལ་ལས་བྱ་བཀོད་སྒྲིག་བྱེད་པ་དེ་འདྲ་འདྲ་ཡིན་མི་རུང་།སློབ་མ་རེ་རེའི་ནུས་པ་དང་ཁྱད་ཆོས་ལ་གཞིགས་ནས་ལས་བྱ་བཀོད་སྒྲིག་བྱ་དགོས།

       བདག་གིས་ནམ་རྒྱུན་གྱི་རྩིས་རིག་ལས་བྱ་བཀོད་སྒྲིག་བྱེད་སྐབས་རིམ་པ་གསུམ་ཅན་གྱི་ལས་བྱ་བཀོད་སྒྲིག་བྱས་པ་ཡིན། ཀ་རིམ་པའི་ལས་བྱ་ནི་སློབ་མ་ཀུན་གྱིས་ངེས་པར་འབྲི་དགོས་པའི་ལས་བྱ་ཡིན།ཁ་རིམ་པའི་ལས་བྱ་ནི་ནུས་པ་ འདེགས་བྱེད་ཀྱི་ལས་བྱ་ཡིན་ལ་དེ་ནི་བརྒྱ་ཆའི་བཅུ་ཡས་མས་ཀྱི་སློབ་མར་འབྲི་དགོས་པའི་བླང་བྱ་བཏོན་མེད། ག་རིམ་པའི་ལས་བྱ་ནི་སྤྲོ་བ་ཡོད་པའི་སློབ་མར་བཀོད་སྒྲིག་བྱས་པ་ཡིན།བརྒྱ་བཤད་ཚིག་གི་རྩ་བ་ནི་སློབ་མ་རེ་རེར་རྩིས་རིག་སློབ་ཁྲིད་ལས་ཤེས་བྱ་ཕྲན་ཙམ་ཡིན་ཡང་ཐོབ་ཏུ་འཇུག་པ་དེ་ཡིན།

       གོང་གི་ལྟ་བ་འདི་དག་ནི་བདག་རང་ལོ་བཅུ་ལྷག་གི་རིང་རྩིས་རིག་སློབ་ཁྲིད་ལས་བྱུང་བའི་མྱོང་ཚོར་རགས་ཙམ་ཡིན་མོད།བདག་གི་རྩིས་རིག་སློབ་ཁྲིད་ཀྱི་དམིགས་ཡུལ་ནི་བསམ་བློ་གཏོང་ཤེས་མཁན་དང་གསར་གཏོད་ནུས་པ་ལྡན་པའི་སློབ་མ་གསོ་སྐྱོང་བྱེད་པ་དེ་ཡིན། དེའི་རྐྱེན་གྱིས་ལས་བྱ་བཀོད་སྒྲིག་བྱེད་སྐབས་རྣམ་པ་ཅན་ཉུང་ཉུང་དང་།སློབ་མ་ཚོར་ཕན་པ་ཡོད་པའི་ལས་བྱ་འགའ་གསར་གཏོད་ཐུབ་ན་སློབ་མའི་ཁུར་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད།རྩིས་རིག་སྦྱོང་འདོད་ཀྱི་འདུན་པ་ཡང་ཆེར་སྐྱེད་ཐུབ་བོ། །
       རྩོམ་པ་པོ་ནི་དཔའ་རིས་རྫོང་མི་རིགས་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་དགེ་རྒན(曹新秀)ཡིན།