དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཅི་ཞིག་ལ་ཨེ་ཙི་ནད་AIDSཟེར།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-09 རྩོམ་ཁུངས། མཚོ་སྔོན་པའི་དྲ་བ། ཀློག་གྲངས། 97


ཨེ་ཙི ་ནད་ལ་དོ་སྣང་བྱེད་དགོས།

       ཨེ་ཙི་ནི་དེང་སྐབས་འཛམ་གླིང་ཐོག་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་པ་ཆེ་ཞིང་བཅོས་ཐབས་མེད་པའི་འགོས་ནད་ཚབས་ཆེན་ཞིག་ཡིན་ལ།  དེ་ནི་མི་ཀུན་ལ་འབྱུང་སྲིད་པ་ཞིག་ཀྱང་ཡིན།  ཨེ་ཙི་ནད་ཅེས་པ་ནི་ནད་འབུའི་མིང་ལ་བལྟོས་ནས་བཏགས་པའི་ནད་ཅིག་ཡིན་ཞིང༌།  ནད་དེ་འགོས་རྗེས་ནད་འབུ་དེས་མིའི་ལུས་པོའི་ནང་གི་ནད་རིགས་བཀག་འགོག་བྱེད་པའི་ནུས་པ་ཡོངས་རྫོགས་ཉམས་སུ་བཅུག་སྟེ་ནད་རིགས་ཆེ་ཆུང་གང་ཞིག་ཡིན་རུང་འགོས་སླ་བ་མ་ཟད།  མཇུག་མཐར་ནད་རིགས་དེས་ཚེ་སྲོག་ཀྱང་འཕྲོག་གི་ཡོད།  དཔེར་ན་ཨེ་ཙི་ནད་ཡོད་པའི་ནད་པར་སྤྱིར་བཏང་གི་ཆམ་ནད་ཕོག་རྗེས་སྨན་བཅོས་བྱས་ཀྱང་ནུས་པ་ཐོན་མི་ཐུབ་པར་གློ་ཚད་དུ་གྱུར་བ་མ་ཟད།  ནད་གཞི་རིམ་བཞིན་ཇེ་སྡུག་ཏུ་སོང་སྟེ་མཐར་ཚེ་སྲོག་འཕྲོག་གི་ཡོད་པ་རེད།
       ཨེ་ཙི་ནད་དེ་འཛམ་གླིང་ཡོངས་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དུ་མཆེད་ཚད་མགྱོགས་པ་དང༌།  རང་རྒྱལ་དུ་ཨེ་ཙི་ནད་མཆེད་ཚད་དེ་མགྱོགས་མྱུར་སྒོས་མཆེད་པའི་དུས་སྐབས་སུ་བསླེབས་ཡོད་ལ།  གལ་ཏེ་དུས་ཐོག་དང་ཕན་ནུས་ལྡན་པའི་སྒོ་ནས་ཨེ་ཙི་ནད་མཆེད་པ་ཚོད་འཛིན་བྱེད་མ་ཐུབ་ཚེ།  སྤྱི་ཚོགསདང་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད།

ཕྲ་མཐོང་ཆེ་ཤེལ་ལས་མཐོང་བའི་ཨེ་ཙི་ནད་ཀྱི་ནད་དུག

ཨེ་ཙི་ནད་ལ་ནད་རྟགས་གང་དག་ཡོད།

       སྤྱིར་བཏང་དུ་ནད་གཞི་དེའི་ནད་རྟགས་ཤེས་དཀའ་བ་རེད།  དེའི་རྒྱུ་མཚན་ནི་ནད་གཞི་དེ་ཡོད་པའི་མི་ཕལ་ཆེ་བའི་ཕྱི་ཚུལ་ནས་བལྟས་ན་བདེ་ཐང་ཡིན་པ་མ་ཟད།   རང་ཉིད་ཀྱིས་ཀྱང་ནད་གཞི་དེ་ཕོག་ཡོད་མེད་ཤེས་མི་ཐུབ་པ་རེད།  འོན་ཀྱང་ནད་རྟགས་གཙོ་བོ་ནི་ལུས་ཕུང་ཇེ་སྐམ་དུ་འགྲོ་བ་དང་ཁོག་པ་བཤལ་བ།  ལུས་སྟོབས་ཇེ་ཞན་དུ་འགྲོ་བ། ཚ་རྒྱས་བ།  ལུས་ཀྱི་སྐྱི་པགས་ཡོངས་སུ་ནག་ཐིག་ཆགས་པ།  སྐམ་ལུ་བྱེད་པ་སོགས་ཀྱི་སྣང་ཚུལ་ཡོད།  འོན་ཀྱང་གོང་གསལ་གྱི་ནད་རྟགས་དེ་དག་ནད་གཞན་པར་ཡང་ཡོད་པས་རང་ཡིན་ན་མྱུར་དུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་གསལ་བོ་བྱེད་རྒྱུ་གལ་ཆེ།


ཨེ་ཙི་ནད་དེ་ལམ་གང་འདྲ་བརྒྱུད་ནས་འགོས་བ་ཡིན།

       ཨེ་ཙི་ནད་ཡོད་པའི་མི་དང་ལུས་འབྲེལ་བྱེད་པ་དང༌།  དུ་ནག་འཐེན་པའམ་ཡང་ན་རྩ་ཁབ་རྒྱག་པ།  མི་གཞན་གྱི་ཁྲག་འདྲེན་པ་དེའི་ནང་ཨེ་ཙི་ནད་དུག་ཡོད་པ།  རང་ཉིད་ཨ་མའི་མངལ་དུ་ཡོད་སྐབས་ཨ་མར་ཨེ་ཙི་ནད་ཡོད་པ།ཨེ་ཙི་ནད་ཡོད་པའི་ནད་པར་བེད་སྤྱོད་བྱས་པའི་ཁབ་རྒྱག་ཡོ་བྱད་དུག་སེལ་མ་བྱས་པར་ བེད་སྤྱོད་བྱེད་པ་བཅས་ལ་རྒྱུན་དུ་དོ་སྣང་མ་བྱས་ཚེ་ཨེ་ཙི་ནད་འབྱུང་སྲིད་པ་མ་ ཟད།  ནད་དེ་ཕོག་རྗེས་ལོ་ལྔ་དང་བརྒྱད་ཀྱི་ནང་འཆི་ངེས་ཡིན།


ཨེ་ཙི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།

       རང་ཉིད་ཀྱི་བཟའ་ཟླ་མ་ཡིན་པ་དང་གང་བྱུང་དུ་ལུས་འབྲེལ་མི་བྱེད་པ་དང༌། དུག་རྫས་འཐེན་པའམ་ཡང་ན་རྩ་ཁབ་རྒྱག་པ་སོགས་སྤང་དགོས། སྐྲ་གཞར་ཁང་དུ་སྐྲ་བཞར་བར་འགྲོ་སྐབས་ངེས་པར་དུ་སྐྲ་གྲི་དུག་སེལ་བྱས་ཡོད་ མེད་ལ་དོ་སྣང་བྱེད་དགོས་བ་དང༌། ན་བའི་སྐབས་ཁྲག་འདྲེན་དགོས་ཚེ་ཁྲག་གཙང་མ་ཡིན་མིན་སྨན་ཁང་ནས་བརྟག་དཔྱད་གསལ་ བོ་ བྱེད་དགོས་པ་བཅས་བྱེད་དགོས། དེ་ལྟར་བྱས་ན་ཨེ་ཙི་ནད་སྔོན་འགོག་བྱེད་ཐུབ་པ་ཡིན།