དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> གསོ་རིག་གཞུང་ལུགས།
རྒྱུད་བཞིའི་རྩོམ་པ་པོའི་སྐོར་གྱི་མཐའ་དཔྱད།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-09 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 176

       ས་བཅད་དང་པོ། ནང་པའི་མཁས་པ་ཚོས་རྒྱུད་བཞི་རྩོམ་པ་པོའི་སྐོར་གླེང་ཚུལ།
       གཅིག རྒྱུད་བཞི་བཀའ་མ་འདོད་ཚུལ།

       བསྟན་པ་ཕྱི་དར་སྐབས་སུ་བོད་ཀྱི་རིག་གཞུང་གི་ཁུངས་ཐམས་ཅད་རྒྱ་གར་ལ་གཏུགས་རྐྱང་བྱ་རྒྱུའི་དྲིལ་བསྒྲགས་ཤུགས་ཆེན་བྱས་སྟབས་གསོ་རིག«རྒྱུད་བཞི»ཡང་མི་ཕལ་ཆེར་གྱིས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་གང་ཡིན་མི་ཤེས་པའི་མགོ་རྨོངས་ཀྱི་གནས་སུ་ལྷུང་ཡོད། སྤྱི་ལོའི་དུས་རབས་བཅུ་བཅིག་པ་ནས་དུས་རབས་བཅོ་ལྔ་བའི་བར་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་རིང་གི་བོད་ཀྱི་སྨན་པ་རྣམས་ཀྱིས་འགའ་ཞིག་གིས་རྒྱུད་བཞི་བཀའ་རུ་བཞེད། འགའ་ཞིག་བསྟན་བཅོས་སུ་བཞེད་པ་ནི་གང་ཟག་སོ་སོའི་འདོད་ཚུལ་མི་འདྲ་བ་ཙམ་ལས། ཡུལ་ཕྱོགས་དང་གྲུབ་མཐས་འཛིན་པའི་བཞེད་སྲོལ་མི་འདྲ་བ་བྱུང་མེད། དུས་རབས་བཅོ་ལྔ་བ་ནས་བོད་ཀྱི་གསོ་བ་རིག་པ་དེ་བྱང་ལུགས་དང་ཟུར་ལུགས་གཉིས་སུ་གྱེས་ནས་འཕེལ་རྒྱས་བྱུང་ཡོད་པར་དེ་དང་དུས་མཚུངས་སུ་གསོ་རིག་རྒྱུད་བཞི་ཡང་གཙོ་བོར་བཀའ་ཡིན་པར་འདོད་པའི་ལུགས་དང་། བསྟན་བཅོས་ཡིན་པའི་ལུགས་གཉིས་སུ་བྱུང་། རྒྱུད་བཞི་བཀའ་ཡིན་པར་འདོད་པའི་ལུགས་ནི། གཙོ་བོ་བྱང་ལུགས་པ་རྣམས་ཀྱིས་«རྒྱུད་བཞི»སངས་རྒྱས་ཀྱི་ཡིན་པར་མུ་མཐུད་ནས་བསྒྲུབས་ཡོད་པ་རེད། གསོ་རིག«རྒྱུད་བཞི»འདི་བཀའ་འགྱུར་གྱི་ནང་དུ་མེད་ནའང་འཆད་པ་པོ་དྲང་སྲོང་རིག་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་རྒྱུད་འདི་བཀའ་ཡིན་པར་བཤད་པ་དང་། ཡང་། འགའ་ཞིག་གིས། གསུང་རབ་དང་བསྟན་བཅོས་གང་ཡིན་ཀྱང་དོན་ཁྱད་པར་ཅན་དང་འབྲེལ་བ་ཉོན་མོངས་པ་སེལ་ནུས་པ། ཞི་བ་མྱང་འདས་ཀྱི་ཕན་ཡོན་བསྟན་པ་ནི་སངས་རྒྱས་ཀྱི་བཀའ་ཡིན་ཏེ། དེས་སེམས་ཅན་སྡུག་བསྔལ་ལས་ཐར་བར་བྱེད་ནུས་པའི་ཕྱིར། དེས་ན་གསོ་རིག་«རྒྱུད་བཞི»འདིས་སེམས་ཅན་མང་པོའི་ལུས་སེམས་ཀྱི་ཟུག་རྔུལ་བཅོམ་ནུས་པའི་ཕྱིར་ན་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབས་ཡོད་པ་རེད། བཀའ་མ་ཡིན་པར་འདོད་པ་རྣམས་ཀྱིས། «རྒྱུད་བཞི»འདི་བཀའ་ཡིན་ན་བཀའ་འགྱུར་ནང་དུ་མེད་པ་མ་ཟད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། མངའ་བདག་ཁྲི་རལ་ཡབ་སྲས་སྐབས་སུ་བསྒྲིགས་པའི་དཀར་ཆག«ལྡན་དཀར་མ»དང་། «འཕང་ཐང་མ»སོགས་ཀྱི་ནང་དུ་མེད་པས་བཀའ་མ་ཡིན་ཞེས་པ་ལ། བྱང་པ་བཀྲ་ཤིས་དཔལ་བཟང་གིས།  (1)“གསོ་རིག་རྒྱུད་དེ་བཻ་རོ་ཙ་ནས་བསྒྱུར། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཕྱག་ཏུ་ཕུལ། །དེ་ཡི་རྗེས་སུ་མཁན་པོ་པདྨས་ཀྱང་། །ཆོས་རྒྱལ་སྲས་ལ་རང་འགྱུར་མཛད་ནས་གསུངས། །བཻ་རོས་འདིའི་ཕྱིར་དཀའ་བ་ཆེར་སྤྱད་པས། །སློབ་དཔོན་ཉིད་ཀྱི་མི་མཁྱེན་ལྟར་བྱས་ནས། །རྒྱལ་བའི་སྲས་ལའང་ལྐོག་ཏུ་གབ་པར་བསྟན། །ཡབ་ཀྱིས་ཤིན་ཏུ་གསང་བར་གདམ་པ་ན། །ལྷ་སྲས་ཀྱིས་ཀྱང་རྒྱ་ཆེར་མ་སྤེལ་བས། །འཕང་ཐང་མ་དང་བཀའ་ཁོལ་མ་ཞེས་པའི། །བཀའ་འགྱུར་བསྟན་འགྱུར་རྣམས་ཀྱི་དཀར་ཆག་ཏུ། །མི་འབྱུང་པ་ཡི་རྒྱུ་མཚན་དེ་ལྟར་ཡིན། །”ཞེས་སོགས་རྒྱུད་བཞི་བཀའ་ཡིན་པའི་རྒྱུ་མཚན་མང་པོ་ཞིག་གསུངས་ནས་ཨུ་ཚུགས་ཀྱིས་བཀའ་ཡིན་པར་བསྒྲུབས་ཡོད་འདུག

       གཉིས། རྒྱུད་བཞི་གཏེར་མ་འདོད་ཚུལ།

      «རྒྱུད་བཞི»གཏེར་མ་ཡིན་པའི་ལུགས་ནི། སློབ་དཔོན་པདྨས་གཏེར་དུ་སྦས། གྲྭ་མངོན་དབང་ཕྱུག་འབར་གྱིས་གཏེར་ནས་བཏོན་པ་ཡིན་ཞེས་རྙིང་མ་བ་ཁ་ཅིག་སྨྲ། གཏེར་མ་འདོད་པའི་ལུགས་མདོར་བསྡུས་ནས་བཀོད་པར། (2) “གཏེར་མའི་ལུགས་ནི། ཐོག་མར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། ལོ་ཆེན་བཻ་རོ་ཙ་ན་རྣམ་གཉིས་ཀྱིས་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་པ་དེ་སྤྱི་ལོ་ 1038 ལོའི་བོད་ཟླ་ 7 པའི་ཚེས་ 15 ཉིན་གཏེར་སྟོན་གྲྭ་མངོན་དབང་ཕྱུག་འབར་བས་སྨན་སྲུང་ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བསྟན་པ་ལྟར་གཏེར་ནས་བཞེས་ཏེ་འདྲ་བཤུས་ཀྱི་བུ་དཔེ་བཟོས་ཏེ་མ་དཔེ་རྔ་སོར་གཏེར་དུ་བཞུགས་པར་གྲགས། བུ་དཔེ་དེ་ལོ་གཅིག་གི་རིང་གཞན་ལ་གསང་སྟེ། ཉིད་ཀྱིས་ཉམས་ལེན་མཛད་ཅིང་། ཕྱིས་སུ་རྒྱུད་གཞུང་མན་ངག་དང་བཅས་པ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པ་ཞུ་བར་གནང་། རེ་ཞིག་ཅིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རྗེ་ཉིད་ཀྱིས་ཟབ་བཞེས་མཛད། མཐར་བཀའ་རྒྱ་བཀྲོལ་ཏེ་ཉིད་ཀྱི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ལ་སོགས་པ་ལ་སྤེལ་བའི་བརྒྱུད་པ་ནི་རྒྱུད་བཞི་གཏྲ་མའི་ལུགས་ཀྱི་དར་ཚུལ་རགས་ཙམ་མོ། །”ཞེས་གསུངས་སོ། །
       གཡུ་ཐོག་རྙིང་མའི་རྣམ་ཐར་ལས། ལོ་ཙཱ་བ་བཻ་རོ་ཙ་ན་རྒྱ་གར་དུ་བྱོན་ནས་པཎ་ཆེན་ཙནྡྲ་ཝའི་དྲུང་དུ་གསོ་རིག་རྒྱུད་བཞི་ཞུས་ཤིང་བོད་སྐད་དུ་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གདམས་ངག་གནང་ཞིང་བསམ་ཡས་དབུ་རྩེར་ཀ་བ་བུམ་པ་ཅན་དུ་གཏེར་སྦས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་ཞེ་ལྔར་བཞེས་པའི་སྐབས་སུ་གཏེར་ནས་བཏོན་པར་བཤད།
       གཡུང་དྲུང་བོན་གྱི་ལུགས་ལ། སྟོན་པ་གཤེན་རབ་མི་བོ་ཆེའི་གསོ་རིག་གི་གདམས་ངག་རྣམས་གདུང་སྲས་དཔྱད་བུ་ཁྲི་ཤེས་ལ་གནང་ནས་དེས་ཡི་གེར་བཀོད། དེ་ནས་རིམ་པར་བརྒྱུད་དེ་གྱིམ་ཚ་རྨ་ཆུང་བར་བརྒྱུད། ཁོང་གིས་བན་དེ་མི་བདུན་ལ་བརྒྱུད་དེ་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབས་བྱེད་དུས་བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གི་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབས་ཙ་ན། གཏང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་གཏེར་ནས་བཞེས། གཡུ་ཐོག་པས་ཞུ་དག་གཏོང་།ཞེས་སོགས་འཁོད་འདུག

       གསུམ། རྒྱུད་བཞི་མཁས་པའི་བསྟན་བཅོས་སུ་འདོད་ཚུལ།

       «རྒྱུད་བཞི»མཁས་པའི་བསྟན་བཅོས་ཡིན་པར་བཞེད་མཁན་གཙོ་བོར་ཀརྨ་པ་རང་བྱུང་རྡོ་རྗེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཟུར་མཁར་བློ་གྲོས་རྒྱལ་པོ། དཔའ་བོ་གཙུག་ལག་ཕྲེང་བ། གླིང་སྨན་བཀྲ་འབུམ་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལ་སོགས་པའི་མཁས་དབང་རྣམས་ཡིན། ཟུར་མཁར་བའི་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་ལས།  (3) “འོ་ན་རྒྱུད་བཞི་རྩོམ་མཁན་བོད་ཀྱི་གང་ཟག་ཅི་ལྟ་བུ་ཡིན་ཞེ་ན། བོད་དུ་མཁས་པ་མི་དགུ་ཞེས་གྲགས་པ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མི་དགུ། ཞང་རི་བོ་གཟི་བརྗིད་འབར་གྱི་སློབ་དཔོན་དུ་གྱུར་པའི་མཁས་པ་མི་དགུ། ཨ་ཙ་ར་ཕྱག་རྡུམ་གྱི་སློབ་མར་གྱུར་པའི་མཁས་པ་མི་དགུའི་ནང་ནས་གཡུ་ཐོག་རྒྱ་གར་བཛྲ་གྱི་བུ་གཡུ་ཐོག་ཡོན་ཏན་མགོན་པོ།”ཞེས་རྒྱུད་བཞི་རྩོམ་པ་པོ་གང་གང་ཡིན་བཞེད་ཚུལ་མི་འདྲ་བ་རྣམས་བཀོད་ཡོད་ལ། ཟུར་མཁར་བ་རང་གིས་བཞེད་པ་ནི་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པ་ཡིན་འདུག་སྟེ། རྒྱུད་བཞི་བཀའ་བསྟན་རྣམ་དབྱེ་ལས། “འོ་ན་རྒྱུད་བཞིས་བཞུགས་ཚུལ་ལ་སངས་རྒྱས་ཀྱི་བཀའ་ཡིན་པ་གཞིར་བཞག་བྱས་འདུག་པས་སྐྱོན་མི་ཡོང་བ་ཨེ་ཡིན་ཟེར་ན། བཤད་པར་བྱ་སྟེ། དེ་ཡང་བཀའ་ཡིན་པ་ལྟར་མ་བྱས་ན་བོད་ཀྱི་མཁས་བླུན་བར་མ་དང་བཅས་པ་རྣམས་ཡིད་ཆེས་པར་དཀའ་བ་ཡིན་ཞིང་། དོན་ལ་མི་དཔྱོད་ཚིག་ལ་རྟོག་པ་རྣམས་ཀྱི་ངོར་བཀའ་ཡིན་པ་ལྟར་མ་བྱས་ན་མ་མཐུས་པ་ཡིན། གཞན་དུ་ན་ཇ་དང་དཀར་ཡོལ་དང་། རྩ་ཆུ་བརྟག་པའི་སྐབས་སུ་ནག་རྩིས་ཀྱི་གཞུང་དང་། ཁུ་བྱུག་གི་སྐད་འདོན་ཞེས་པ་སོགས་བོད་ཀྱི་བསྟན་བཅོས་ཡིན་པ་ནི་ཤིན་ཏུ་གསལ་ལོ། །དེ་ཡང་བཀའ་ལྟར་བཀོད་པ་ལ་འཆད་ལུགས་འདི་ཤེས་དགོས་ཏེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཀྱི་སྒོ་ནས་བཤད་དགོས་ཏེ། དེ་ཡང་བཀའ་ལྟར་མཛད་པའི་དགོངས་གཞི་ནི། གཡུ་ཐོག་ཡོན་ཏན་མགོན་པོ་འཁྲུངས་པའི་གནས་དེ་ཚ་བསིལ་གྱི་ནུས་པ་ཕུལ་དུ་བྱུང་བ་ཉི་ཟླའི་སྟོབས་ཅན་དང་། རྣམ་ཐར་བཀའ་རྒྱ་མ་ན་བཀོད་འདུག་པ་བཞིན་དུ། བླ་མ་རིག་པའི་ཡེ་ཤེས་དངོས། །བདག་རང་ཡིད་ལས་སྐྱེས་སམ་སྙམ། །ཞེས་པ་བཞིན་དུ། གཡུ་ཐོག་པ་རང་ནི་རིག་པའི་ཡེ་ཤེས། སུམ་སྟོན་ཡེ་ཤེས་གཟུངས་ནི་ཡིད་ལས་སྐྱེས་ཡིན་པ་བྱས་ནས་བཀོད་པ་ཡིན་ཞིང་། དགོས་པ་ནི་གོང་དུ་བཤད་པ་བཞིན་སྐྱེ་བོ་མགུ་དཀའ་བ་རྣམས་ཁ་དྲང་བར་བྱ་བའི་ཕྱིར་དང་། དངོས་ལ་གནོད་བྱེད་ནི་གྲོང་ཁྱེར་ལྟ་ན་སྡུག་དང་། གངས་ཅན་འབིགས་བྱེད་སོགས་ཀྱི་རི་རྣམས་ནི་དེ་དང་དེ་དངོས་མ་ཡིན་ཞིང་། དེའི་ནུས་པ་ཡོན་ཏན་ཆ་མཚུངས་སུ་ཡོད་པ་ལ་དགོངས།”ཞེས་གསུངས་པ་ལྟར་རོ། །
       དཔའ་བོ་གཙུག་ལག་ཕྲེང་བས་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པར་བཞེད་ཚུལ (4) “འདི་ཉིད (གཡུ་ཐོག་གསར་མ) མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང་། ལྷོ་ན་སྔོ་སྨན་ཚ་བ་སྐྱེ་བ། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་། ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང་། ཀུན་རྟོགས་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང་། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོ་ཞེས་རྗེ་ཕྲིན་ལས་ཞབས་གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ཡིན་ལ། སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞིར་ཇི་ལྟར་བཤད་པ་ལྟར་སྣང་ཡང་མི་འགལ་ལོ་ཞེས་བདག་སེམས་སོ། །”ཞེས་གསུངས་སོ། །
       གླིང་སྨན་བཀྲ་འབུམ་པས་བཀའ་དང་གཏེར་མ་ཡིན་པར་དགག་ཅིང་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པར་བཞེད་ཚུལ། རྒྱུད་བཞི་བཀའ་འགྲེལ་ལས། (5) བཀའ་མར་བཞེད་པས་སངས་རྒྱས་སྨན་བླའི་གསུངས་ཡིན་ཞེ་ན། སྨན་བླ་ནི་ལོངས་སྤྱོད་རྫོགས་སྐུ་ཡིན་པས། ཆོས་ཐམས་ཅད་སྤྲུལ་སྐུའི་གསུང་མ་གཏོགས་ཆོས་གང་ཡང་མེད་པ་དང་། ཤཱཀྱ་ཐུབ་པ་སྨན་བླའི་སྐུ་བཞེངས་ནས་གསུངས་པ་ཡིན་ཞེ་ན་མ་ཡིན་ཏེ། བཀའ་འཁོར་ལོ་བཞི་ལ་སོགས་པ་མདོ་རྒྱུད་ཀྱི་ཆོས་གང་གསུངས་ཀྱང་སྐུ་གསེར་བཙོ་མའི་མདོག་ལས། མདོ་རྒྱུད་གང་གསུང་དེའི་ཕྱག་མཚན་གཞལ་ཡས་ཁང་སོགས་སུ་བསྒྱུར་ནས་གསུངས་ཚུལ་ནི་མདོ་རྒྱུད་གང་ལའང་མི་འདུག་པས། རྒྱུད་བཞི་གསུངས་པ་ཡིན་ཀྱང་སྐུ་མདོག་བསྒྱུར་དགོས་པ་མི་འདུག ལྷ་མོ་ཡིད་འཕྲོག་མས་སངས་རྒྱས་ལ་ཨ་རུ་ར་ཕུལ་བའི་ལུང་དྲངས་ཀྱང་། ཕྱག་ས་གནོན་མཉམ་བཞག་མ་གཏོགས་ཐུབ་པ་ཨ་རུ་ར་འཛིན་པ་ནི་མ་མཐོང་། གཞན་ཡུངས་ཀར་སོགས་བཀྲ་ཤིས་རྫས་བརྒྱད་ཕུལ་བ་རྣམས་ཀྱང་བྱིན་གྱིས་བརླབས་པའི་རྫས་མ་གཏོགས་ཕྱག་ཏུ་བསྣམས་པ་ནི་མ་མཐོང་། དངོས་པོ་གང་ཕུལ་རྣམས་སངས་རྒྱས་ཀྱི་ཕྱག་ཏུ་བསྣམས་དགོས་པའི་ཤེས་བྱེད་དམ། མེད་ན་མ་ཡིན་པར་ཐལ། གཏེར་མར་བཞེད་པས་གྲྭ་པ་མངོན་ཤེས་ཀྱི་གཏེར་མ་ཡིན་ཞེ་ན། སློབ་དཔོན་རིན་པོ་ཆེས་གཏེར་སྦས་པའི་ས་རྟགས་དང་འདོན་པའི་དུས་ཚོད་སོགས་ལ་གྲྭ་མངོན་གྱི་གཏེར་ཁར་གསོ་རིག་ཡོད་པར་མ་གསུངས་པ་དང་། རྒྱུད་བཞི་འདི་ལ་གཏེར་ཆོས་ཀྱི་མཚན་ཉིད་མཁའ་འགྲོ་བརྡ་ཡིག་སོགས་མི་འབྱུང་བས་དེ་ནི་ངག་འཁྱལ་ཙམ་མ་གཏོགས་དོན་མེད།
       གཡུ་ཐོག་པའི་བསྟན་བཅོས་ཡིན་ཚུལ་ནི། རྒྱུད་བཞི་འདི་རྗེ་གཡུ་ཐོག་པས་བོད་བསིལ་བའི་ཡུལ་ཆོས་དང་བསྟུན་ནས་གསུངས་པ་སྟེ། ཞེས་དང་། རྗེ་གཡུ་ཐོག་པ་ཉིད་ཀྱི་གསུངས་ལས། རང་ཉིད་གར་བལྟས་ལྟ་ན་སྡུག །ཅེས་དང་། རང་སྣང་བཻཌཱུར་ཡ་ཡི་འོད་དུ་གསལ། །ཞེས་གསུངས་པ་བཞིན་གཙང་གི་ཚོང་འདུས་མགུར་མོ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་ཡུལ་བཀོད། གཞལ་ཡས། སྨན་བླ་གཙོ་འཁོར་དང་བཅས་པ་རང་སྣང་སྤྲུལ་པ་ལ་བརྟེན་ནས་བོད་ཀྱི་དོན་དུ་གསུངས་པའི་དཔལ་ལྡན་རྒྱུད་བཞི་འདི་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ཆོས་དང་ཁྱད་པར་མེད་པའི་བྱིན་རླབས་ཀྱི་གཟི་བྱིན་ནུས་མཐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དགོས་འདོད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་གསུངས་སོ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནི་ཕྱོགས་དང་རིས་སུ་མེད་པའི་མཁས་པ་ཡིན་སྟབས། ལོ་རྒྱུས་ཐོག་བདེན་དོན་པ་ཐམས་ཅད་ལ་དགག་སྒྲུབ་མེད་པ་ཞལ་བཞེས་གནང་མཁན་ཞིག་ཡིན་ཀྱང་། ཤེས་བྱ་ཀུན་ཁྱབ་ཏུ་གསོ་རིག་ལོ་རྒྱུས་ལས་གཡུ་ཐོག་རྙིང་མའི་མིང་ཙམ་ཡང་མེད་པར་མ་ཟད། གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་ཀྱང་གཡུ་ཐོག་རྙིང་མའི་མཚན་ཙམ་ཡང་སྨྲོས་མི་འདུག

       ས་བཅད་གཉིས་པ། བོན་ལུགས་ཀྱི་གསོ་རིག་འབུམ་བཞིའི་བྱུང་ཚུལ་སྐོར་གླེང་བ།
       གཅིག འབུམ་བཞི་གསུང་བའི་གནས་དང་འཁོར་གྱི་ཁྱད་ཆོས།

       ཀ  «གསོ་རིག་འབུམ་བཞི»ཐོག་མར་གསུངས་སའི་གནས་ནི། དེང་དུས་མངའ་རིས་ས་ཁུལ་གངས་ཏི་སེའི་ཉེ་འགྲམ་དུ་ཡིན་པར་གསལ་ཏེ། «ཐུགས་འབུམ་མཁའ་སྔོན»ལས། “གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་བའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡངས་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་མོ་ཕུན་སུམ་དུ་འཚོགས་པ། རི་བོ་དང་རི་བྲན་དང་། རྒྱ་མཚོ་དང་ནེའུ་ཐང་དང་། ཆུ་བོ་དང་ཆུ་ཕྲན་དང་། ལུ་མ་དང་ལྡིང་ཀ་དང་། དཔག་བསམ་དང་ནགས་ཚལ་དང་། མེ་ཏོག་དང་། སྨན་དང་། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་དྭགས་དང་། གཅན་གཟན་དང་། འདབ་ཆགས་དང་། ཆུ་གནས་དང་། གཡུང་དྭགས་དང་། མི་ནོར་དང་། ཡུལ་མཁར་དང་། ལོངས་སྤྱོད་ཕུན་གསུམ་འཚོགས་པ་རུ་མངའ་འོ། །” ཞེས་དང་། ཡང་ “ཤར་ཕྱོགས་སུ་ཤམ་པོ་ལྷ་རྩེ། བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང་། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བལ་པོ་སོ་བརྒྱད།” ཅེས་སོགས«གསོ་རིག་འབུམ་བཞི»གསུངས་ཡུལ་འོལ་མོ་གླིང་ཆེན་དང་། དེའི་ཕྱོགས་བཞིའི་ཡུལ་གཙོ་བོ་བཞི། དེའི་ཕྱིའི་གླིང་ཆེན་བཅུ་གཉིས་དང་ཡུལ་ཆེན་བཅུ་དྲུག་སོགས་ངོ་སྤྲོད་བྱས་ཡོད་པ་འདི་ལ་ཞིབ་ཏུ་བརྟག་ན་དེང་དུས་མངའ་རིས་གངས་ཏི་སེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ཡུལ་གྲོང་དང་ས་ཆའི་མིང་ཤ་སྟག་སྣང་བས། འདི་ལ་བལྟས་པ་ཙམ་གྱིས«གསོ་རིག་འབུམ་བཞི»གསུངས་ཡུལ་དེ་ལྷའི་ཞིང་ཁམས་སོགས་གནས་གཞན་གང་ཡང་མ་ཡིན་པར་འགྲོ་བ་མིའི་ཡུལ་དང་དེ་ལས་ཀྱང་བོད་གངས་ཅན་གྱི་ཡུལ་དུ་གསུངས་ཡོད་པ་གནག་ཕྱུགས་ཀྱི་རྫི་བོས་ཀྱང་ཤེས་སླ་བ་ཞིག་རེད།
       ཁ།  འབུམ་བཞི་གསུངས་པའི་འཁོར་ནི། རྨ་ལོ་དང་། གཡུ་ལོ། གཏོ་བུ་འབུམ་ཤེས། དཔྱད་བུ་ཁྲི་ཤེས་ལ་སོགས་གནའ་བོའི་བོན་གྱི་མཁས་པ་རྣམས་ཡིན་པར་བསྟན་ཡོད་པ་འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པ་ཞིག་རེད། གསོ་རིག་«རྒྱུད་བཞིའི»ནང་དུ་རྒྱུད་གསུང་བའི་འཁོར་ནི། ལྷའི་སྨན་པ་ཐ་སྐར་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང་། མེ་བཞིན་འཇུག་དང་། འགྲོ་བ་སྐྱོང་གི་བུ་དང་། ཁྱབ་འཇུག་དང་། གཞོན་ནུ་གདོང་དྲུག་སོགས་རྟོག་བཏགས་ཀྱི་གང་ཟག་འགའ་ཞིག་གི་མིང་བགྲང་ཡོད་པ་ལས་ལོ་རྒྱུས་དངོས་ཀྱི་མི་སྣ་གཅིག་ཀྱང་མི་འདུག་པ་འདིས་ཀྱང་«རྒྱུད་བཞིའི»རྣམ་པ་ལ་བཟོ་བཅོས་བྱུང་ཡོད་པར་གསལ་པོར་ཤེས་ཐུབ།

       གཉིས། འབུམ་བཞིའི་གདམས་ངག་བརྒྱུད་པའི་རིམ་པ།

       བོད་ཀྱི་གསོ་རིག་གི་གཞུང་སྔ་ཤོས་ནི་མིག་སྔར་མཐོང་རྒྱུ་ཡོད་པའི་དཔེ་ཆ་རྣམས་ལས། བོན་གྱི་དཔེ་རྙིང་ནང་དུ་བཞུགས་པའི་«གསོ་རིག་འབུམ་བཞི»ཟེར་བ་དེ་ཡིན་ཞིང་། དེ་ནི་བོན་གྱི་སྟོན་པ་གཤེན་རབ་ཀྱི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱི་ཡབ་ཀྱི་ཟིན་བྲིས་རྣམས་འཆད་ཉན་དང་རྒྱུད་འཛིན་སྤེལ་ནས་བརྒྱུད་པའི་ཚུལ་གཞུང་དེའི་མཇུག་བྱང་དུ། བདུད་བརྩི་སྨན་གྱི་མདོ་དགུའི་བརྒྱུད་རིམ་ནི། སངས་རྒྱས་བསྟན་པའི་གཙོ་བོ་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་ཚ་ཏྲ་ཧེ་ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་ལ་བཤད། དེས་གྱིམ་ཚ་རྨ་ཆུང་ལ་བཤད། དེས་བན་དེ་མི་བདུན་ལ་བརྒྱུད་དེ་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབས་བྱེད་དུས་བོན་པོ་མི་བདུན་གྱིས་འཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གི་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབས་ཙ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེ་ནས། རྨེའུ་མཁས་པ་དཔལ་ཆེན་ལ་གདམས་པའོ། །བསྟན་པའི་གསལ་བྱེད་ཁམ་ཡུ་རྐ་གྱི་བཙུན་པ་དྲུང་མུ་ཉི་ཝེར་གྱིས་བགྱིས་པ་སརྦ་ཛ་ཡན་ཏུ། །

       ས་བཅད་གསུམ་པ། རྒྱུད་བཞི་དང་འབུམ་བཞི་གོ་བསྡུར་སྒོ་ནས་དཔྱད་པ།
       གཅིག བྱུང་བའི་དུས་རབས་ལ་དཔྱད་པ།

       ཀ  བོན་གྱི་«གསོ་རིག་འབུམ་བཞི»བྱུང་བའི་དུས་ནི་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལ་ཉེ་བའི་དུས་ནས་བྱུང་ཡོད་པ་ཞིག་འདུག གཞུང་འདིའི་ཐོག་མར་གདུང་སྲས་དཔྱད་བུ་ཁྲི་ཤེས་རྨང་གཏིང་ཞིང་དེ་རྗེས་དུས་རབས་རིམ་བྱུང་གི་ལྷ་རྗེ་རྣམས་ཀྱི་ཉམས་ཡིག་ཟིན་བྲིས་རྣམས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པ་ཤིན་ཏུ་གསལ། སྤྱི་ལོའི་དུས་རབས་བདུན་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་གྱི་ཆོས་དང་རིག་གཞུང་རྣམས་བསྣུབས་པའི་སྐབས་སུ་བན་དེ་རྣམས་ཀྱིས«གསོ་རིག་འབུམ་བཞི»མེར་བསྲེགས་གྲབས་བྱེད་དུས་བོན་པོ་རྣམས་ཀྱིས་གཏེར་དུ་སྦས། དེ་ནས་མི་རིང་བར་གཏེར་ནས་བཏོན་པའི་ལོ་རྒྱུས་ཁ་གསལ་ཡོད་འདུག
       ཁ།  རྒྱུད་བཞི་ཞེས་པའི་མིང་འདི་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ནང་ཆོས་ཀྱི་དཔེ་ཁག་རྣམས་བཀའ་བསྟན་སོ་སོར་དབྱེ་བའི་སྐབས་སུ་གསོ་རིག་གི་གཞུང་འདི་བཀའ་དང་། བསྟན་བཅོས་གང་ཡིན་མ་ཤེས་པར་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བྱུང་འདུག དཔའ་བོ་གཙུག་ལག་ཕྲེང་བས་སྤྱི་ལོ་ 1545 ལོར་འགོ་བརྩམས་ཤིང་། སྤྱི་ལོ་ 1565 ལོར་བརྩམས་གྲུབ་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་«རྒྱུད་བཞི»རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་ཚུལ་གསུངས་པ་དང་། ཟུར་མཁར་བློ་གྲོས་རྒྱལ་པོས་སྤྱི་ལོ་ 1571 ལོར་བརྩམས་«རྒྱུད་བཞི་བཀའ་བསྟན་རྣམ་དབྱེ»ལས། སླར་ཡང་«རྒྱུད་བཞི»རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་ཚུལ་གསུངས་ཡོད་པ་འདི་ནི་བོད་ཀྱི་ཡིག་ཆ་ཁག་ཏུ་«རྒྱུད་བཞི»བཞི་རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པའི་བཤད་སྲོལ་ཐོག་མ་དེ་ཡིན།

       གཉིས། ཚིག་སྦྱོར་གྱི་ཁྱད་ཆོས་ལ་དཔྱད་པ།

       «གསོ་རིག་འབུམ་བཞི»དང་«རྒྱུད་བཞི»གཉིས་པོར་བརྗོད་བྱ་དོན་གྱི་ཆ་ནས་དཔྱད་ན་ཁྱད་པར་ཆེར་མ་མཐོང་ཡང་། རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན«གསོ་རིག་འབུམ་བཞི»ཚིག་སྦྱོར་རྣམས་ཚིག་རྐང་མི་སྙོམ་པ་དང་། སྡེབ་སྦྱོར་མི་སྙན་པ་ལ་སོགས་པའི་ཚིག་སྐྱོན་མང་བ་མ་ཟད། ལྷག་པར་དུ་ནད་འབུམ་ནག་པོའི་རྗོད་ཚུལ་རྣམས་ཚིགས་བཅད་དང་ཚིག་ལྷུག་གང་ཡིན་དབྱེ་དཀའ་བ། གནའ་བོའི་ཡིག་རྙིང་གི་ཁྱད་ཆོས་མང་བ་སོགས«དཔལ་ལྡན་རྒྱུད་བཞི»ལས་བྱུང་བའི་རྟགས་མཚན་མང་བ་དང་། «དཔལ་ལྡན་རྒྱུད་བཞི»ནི་ཚིག་རྐང་སྙོམ་པ་དང་། ཚིག་གི་སྡེབ་སྦྱོར་སྙན་པ། བརྡ་དག་དོན་གསལ་བ་སོགས«འབུམ་བཞི»ལས་བྱུང་ཕྱི་བ་དང་ཡར་རྒྱས་ཆེ་བའི་ཁྱད་ཆོས་གང་འཚམས་ཞིག་ཡོད།
      ཀ  བྱེ་བྲག་སོ་སོའི་ཁྱད་པར་ནི། «འབུམ་བཞི»ལས། གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞེས་པ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་པའི། མཚོ་མུ་ཁྱུད་བདལ་བའི་གླིང་། ཞེས་པ་དེའི་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ཡུལ་གྲུ་རྣམས་དང་། ཆུ་བོ་ཆེན་པོ་བཞི། དེའི་ཕྱི་རིམ་ན་གནས་པའི་ཡུལ་ཆེན་བཅུ་དྲུག་སོགས་མདོར་ན་གངས་ཏི་སེའི་ཉེ་སྐོར་གྱི་ཞང་ཞུང་མངའ་རིས་ཡུལ་གྱི་ཡུལ་གྲུ་སོ་སོའི་ས་མིང་དང་། གནས་བཀོད་གསལ་པོར་ཡོད་པ་དང་། ཞུ་བ་པོ་དྲང་སྲོང་དཔྱད་བུ་ཁྲི་ཤེས་དང་། འཆད་པ་པོ་སྟོན་པ་གཤེན་རབ་སོགས་བསྟན་པ་དེ་དག«རྩ་རྒྱུད»དུ་ལྟ་ན་སྡུག་གི་ཞིང་ཁམས་དང་། ཤར་ཕྱོགས་ན་རི་བོ་འབིགས་བྱེད་དང་། ལྷོ་ཕྱོགས་ན་རི་བོ་མ་ལ་ཡ་དང་། ནུབ་ཕྱོགས་ན་རི་བོ་སྤོས་ངད་ལྡན་དང་། བྱང་ཕྱོགས་ན་རི་བོ་གངས་ཅན་སོགས་རྒྱ་གར་ཡུལ་གྱི་གནས་བཤད་དང་། རྒྱུད་ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་དང་། གསུང་པོ་དྲང་སྲོང་རིག་པའི་ཡེ་ཤེས་ལ་སོགས་བཅོས་འདུག «ཐུགས་འབུམ་མཁའ་སྔོན»གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བརྗོད་པ་འདི«རྩ་རྒྱུད»དུ་མེད་པས་རྩ་རྒྱུད་ལ་ལེའུ་དྲུག་ལས་མེད།
       ཁ།  «འབུམ་བཞིའི»གཉིས་པ«གསོ་བྱེད་སྨན་འབུམ་དཀར་པོ»དང་། «རྒྱུད་བཞིའི»«ཕྱི་མ་འཕྲིན་ལས་རྒྱུད»གཉིས་ལས། ལེའུ་གཉིས་པ་ཆུ་བརྟག་ཐབས་ལས་གདོན་རིགས་རྣམས་ཀྱི་མིང་དང་གྲངས་ཅུང་ཟད་མི་འདྲ་བར་འདུག «སྨན་འབུམ་དཀར་པོར»ལེའུ་སོ་གཉིས་དང་། «ཕྱི་མ་རྒྱུད»ལ་ལེའུ་ཉེར་བདུན་ཏེ། དེ་ཡང་«སྨན་འབུམ་དཀར་པོའི»ལེའུ་དང་པོ་གླེང་སློང་གི་ལེའུ་དང་། ལེའུ་ཉེར་བདུན་པ་གཉེན་པོ་གཅིག་རྒྱུད། ལེའུ་ཉེར་བརྒྱད་པ་འགོག་སྲུང་། ལེའུ་སུམ་ཅུ་བ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པ་འཁོར་གྱི་གཙོ་བོ་བསྟོད་པའི་ལེའུ་སྟེ«སྨན་འབུམ»ལ་ལེའུ་ལྔ་ལྷག་པོ་བྱུང་འདུག འོན་ཀྱང་«ཕྱི་མ་རྒྱུད»ཀྱི་ནང་དུ་གོང་གསལ་གྱི་ལེའུ་འདི་དག་གི་ནང་དོན་ཕལ་ཆེར་ལེའུ་ཉེར་བདུན་གྱི་ནང་དུ་བསྡུས་འདུག
       ག  «འབུམ་བཞིའི»གསུམ་པ«དཔྱད་བུ་ཁྲ་བོ»དང་། «རྒྱུད་བཞིའི»གཉིས་པ«བཤད་རྒྱུད»གཉིས་ལེའུའི་གྲངས་དང་། བརྗོད་བྱའི་ནང་དོན། རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ཕྱོགས་གང་ཐད་ནས་ཕལ་ཆེར་གཅིག་མཐུན་དུ་འདུག་ཀྱང་། གཞུང་འདིའི་བརྗོད་དོན་གཙོ་བོ་བོད་ཀྱི་སྨན་རྫས་ཀྱི་རོ་དྲུག་པོའི་ལྕི་སྣུམ་ལ་སོགས་འབྱུང་བའི་རྫས་ཀྱི་ནུས་པ་ཆེ་ཆུང་གི་གོ་རིམ་རྣམས་གཏན་འབེབས་བྱེད་ཐབས་སྐོར་ལ་གཞུང་གཉིས་པོའི་ལྟ་བ་མི་འདྲ་བ་རེ་བྱུང་འདུག
ང་།  «འབུམ་བཞིའི»བཞི་པ«ནད་འབུམ་ནག་པོ»དང་། «རྒྱུད་བཞིའི»གསུམ་པ«མན་ངག་རྒྱུད»གཉིས་ཀྱི་ཁྱད་པར། སྤྱིར་རྒྱུད་བཞིའི་ལེའུ་བཞི་པ་བད་ཀན་སྨུག་པོ་ཞེས་པར། འབུམ་བཞི་ལས་ཁྲག་ནད་ཀྱི་ལེའུ་ཞེས་གསུངས་ཡོད་པ་སོགས་མི་འདྲ་བ་ཅུང་ཟད་རེ་ཡོད་པ་གཞི་བཅས། ལེའུ་ཞེ་བཞི་པ་མན་ཆད་འབུམ་རྒྱུད་གཉིས་པོའི་ལེའུའི་གོ་རིམ་རྣམས་ཕན་ཚུན་མི་མཐུན། «ནད་འབུམ»ལས་གཟའ་ནད་བཅོས་པ་དང་། ཀླུ་འདོན་བཅོས་པའི་ལེའུ་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས«མན་རྒྱུད»དུ་མི་སྣང་། རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲགས་བསྐྱེད་པའི་ཞང་སྐད་ཀྱི་སྔགས་རྣམས«མན་རྒྱུད»དུ་ལེགས་སྦྱར་སྐད་ཀྱི་གཟུངས་སྔགས་སུ་བསྒྱུར་འདུག «མན་རྒྱུད»ལ་ལེའུ་གོ་གཉིས་ཡོད་ཅིང་«ནད་འབུམ་ནག་པོ»ལ་བསྟོད་པའི་ལེའུ་དང་། གཉེར་གཏད་ཀྱི་ལེའུ་སྟེ་གཉིས་ཀྱིས་ལྷག་པས་ལེའུ་གོ་བཞི་ཡོད་འདུག

       ས་བཅད་བཞི་པ། རང་ལུགས་«རྒྱུད་བཞི»བྱུང་ཚུལ་དང་རྩོམ་པ་པོ་གང་ཡིན་བཤད་པ།

       གཅིག གཞན་ལུགས་ལ་དཔྱད་པ།

       བསྟན་པ་ཕྱི་དར་གྱི་སྐབས་སུ་ཐོག་མར་«རྒྱུད་བཞི»སངས་ཀྱི་གསུངས་ཡིན་པར་བཞེད་མཁན་འགའ་ཞིག་བྱུང་ཡོད་ཀྱང་དེ་ལ་དཔའ་བོ་གཙུག་ལག་ཕྲེང་བ་དང་། ཟུར་མཁར་བློ་གྲོས་རྒྱལ་པོ། ལྷག་པར་དུ་གླིང་སྨན་བཀྲ་འབུམ་རྣམས་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་བཀག་ཡོད་པ་དེ་ལས་གསལ་བཤད་མང་པོའི་དགོས་གལ་མ་མཐོང་། སྤྱིར་བསྟན་པ་ཕྱི་དར་གྱི་སྐབས་སུ་སྔོན་གྱི་དཔེ་རྙིང་རྣམས་བཀའ་དང་། བསྟན་བཅོས་གང་ཡིན་ངོས་འཛིན་མི་འདྲ་བ་བྱུང་ཡོད་ཀྱང་། རྗེས་སུ་བཀའ་བསྟན་གྱི་དབྱེ་བ་ཕྱེ་བའི་རྒྱུ་རྐྱེན་ཡོངས་སུ་སྨིན་པའི་དུས་སུ་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་ལ་སོགས་པའི་ཚད་ལྡན་གྱི་མཁས་དབང་རྣམས་ཀྱིས་བོད་དུ་ཡོད་པའི་གསུངས་རབ་རྣམས་དབྱེ་བ་དང་སྡེ་ཚན་ཕྱེ་བའི་སྐབས་སུ། གསོ་རིག་«རྒྱུད་བཞི»འདི་རྒྱ་གར་ནས་བྱུང་བའི་བཀའ་བསྟན་གཉིས་ཀྱི་ཁོངས་སུ་མ་བཅུག་པ་འདིས་«རྒྱུད་བཞི»བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཀྱི་གྲས་སུ་རང་ཤུགས་ཀྱིས་ལྷུང་འདུག
       «རྒྱུད་བཞི»བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཡིན་པའི་སྐོར་ལ། གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་བསྟན་བཅོས་ཡིན་པར་གསུང་མཁན་དེ་ཁོ་བོས་ད་ཕན་མཐོང་བའི་ཡིག་ཆ་རྣམས་ཐོག་མར་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་སྟོན་ལས་གསལ། མཁས་པའི་དགའ་སྟོན་བརྩམས་པའི་དུས་ནི་སྤྱི་ལོ 1545 ལོ་ནས 1565 ལོའི་བར་ལོ་བཅོ་ལྔ་ལ་བརྩམས་པ་ཞིག་རེད། དེའི་རྗེས་སུ་ཟུར་མཁར་བློ་གྲོས་རྒྱལ་པོས་«རྒྱུད་བཞི་བཀའ་བསྟན་རྣམ་དབྱེ»ལས་རྒྱུད་བཞི་རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་ཞེས་གསུངས། དེ་ནི་སྤྱི་ལོ 1571 ལོར་བརྩམས་ཡོད། འདི་དག་གི་རྗེས་སུ«རྒྱུད་བཞི»རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་པ་བཤད་སྲོལ་ཅུང་དར་ཁྱབ་ཆེ་བ་ཞིག་བྱུང་འདུག འོན་ཀྱང་སྐབས་དེར་གཡུ་ཐོག་གཅིག་ལས་མེད་སྟབས་གསར་རྙིང་གི་བཤད་སྲོལ་བྱུང་མེད།