དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་སྦྱོར་ཤེས་བྱ།
སྨན་རྫས་བཀོལ་སྟངས་ཐད་ཀྱི་ནོར་འཁྲུལ།
རྩོམ་པ་པོ། སྒྲོལ་མ་སྐྱིད། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-07-09 རྩོམ་ཁུངས། མཚོ་སྔོན་པའི་དྲ་བ། ཀློག་གྲངས། 90

       ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ།སྨན་རྫས་ཀྱིས་མིའི་རིགས་ཀྱི་ཚེ་སྲོག་རིང་དུ་བསྲིངས་བ་དང་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་ཐད་ལ་གསུབ་ཐབས་མེད་པའི་བྱས་རྗེས་ཆེན་པོ་བཞག་ཡོད།ད་ལྟའི་བར་དུ་ཡང་སྨན་རྫས་སྔར་བཞིན་ནད་རིགས་གསོ་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ནང་གི་གཅིག་ཡིན་མོད།འོན་ཀྱང་སྨན་རྫས་ཀྱིས་ནད་རིགས་གསོ་བཅོས་བྱེད་པའི་དུས་མཚུངས་སུ།གནད་དོན་སྣ་ཚོགས་ཤིག་ཀྱང་ཁྱེར་ཡོང་བཞིན་ཡོད།གལ་ཏེ་སྨན་རྫས་བཀོལ་སྤྱོད་ལུགས་དང་མཐུན་ཚེ།བདེ་ཐང་ལ་ཕན་པ་དང་།སྨན་རྫས་བཀོལ་སྤྱོད་ལུགས་མཐུན་མིན་ཚེ།ནད་རིགས་གསོ་བཅོས་བྱེད་པར་ཤུགས་རྐྱེན་བཟོ་བ་མ་ཟད།ནད་པའི་ལུས་ཕུང་ལ་གནོད་པ་ཆེན་པོ་བཟོ་སྲིད།དེ་བས་ཞོལ་ནས་སྨན་རྫས་བཀོལ་སྤྱོད་ཐད་གནས་བའི་རྒྱུན་མཐོང་གི་མི་འགྲིག་ས་འགའ་མཚམས་སྦྱོར་ཞིག་བྱེད།
       
མི་འགྲིག་ས་དང་པོ།ཁ་ཟས་ཇ་ཁ་གསུམ་པོ་ཡི་སྔ་གཞུག་ཏུ་སྨན་འཐུང་བ།

 སྨན་རྫས་ཀྱི་གསལ་བཤད་ཡི་གེའི་སྟེང་ཉིན་རེར་ཐེངས་གསུམ་དང་ཁ་ཟས་མ་ཟོས་སྔོན་ལ་འཐུང་དགོས་ཞེས་མདོར་བསྡུས་སྒོས་བྲིས་ཡོད་པ་དེར་བལྟས་ནས།ནད་པ་ལ་ལ་ཞིག་གིས་ཉིན་རེར་དུས་ཐོག་ཏུ་ཇ་ཁ་གསུམ་པོ་ཡི་སྔོན་ལ་སྨན་འཐུང་བཞིན་ཡོད།དོན་དངོས་ཐོག་བྱེད་ཐབས་དེ་རིགས་ནི་མི་འགྲིག་པ་རེད།
       
ཉིན་རེར་ཐེངས་གསུམ་ཞེས་པ་ནི་ཚོད་ལྟ་བྱས་བ་ལྟར་སྨན་རྫས་དེ་མིའི་ལུས་ཕུང་ནང་གི་རྙིང་ཚབ་གསར་བྱེད་ཀྱི་ཚད་ལ་ཚད་འཇལ་གཏན་ཁེལ་བྱས་རྗེས་གཏན་ལ་ཕབ་པ་ཡིན་ཞིང་།དེའི་ནང་དོན་ནི་ཉིན་གཅིག་གི་དུས་ཚོད་ཉེར་བཞི་དེ་ཆ་སྙོམས་ཀྱིས་དུས་རིམ་གསུམ་དུ་བགོས་ནས།དུས་ཚོད་བརྒྱད་རེའི་ནང་སྨན་ཐེངས་གཅིག་འཐུང་དགོས་བ་དེ་ཡིན།དུས་ལྟར་སྨན་འཐུང་ཚེ་ད་གཟོད་གསོ་བཅོས་ཀྱི་ཕན་ནུས་ཐོན་ཐུབ།གལ་ཏེ་སྨན་ཐེངས་གསུམ་ལ་འཐུང་བའི་དུས་ཚོད་ཚང་མ་ཉིན་དཀར་ཁོ་ནར་བཀོད་སྒྲིག་བྱས་ཚེ།ཉིན་དཀར་ཁྲག་ནང་གི་སྨན་གྱི་གར་ཚད་མཐོ་དྲགས་པ་དང་།དགུང་མོར་བསླེབས་དགོས་བའི་ཚད་དུ་བསླེབས་མི་ཐུབ་པ་རེད།
       
ཁ་ཟས་ཀྱི་སྔོན་ལ་འཐུང་དགོས་ཞེས་པ་ནི་སྨན་རྫས་ལྟོ་སྟོང་ལ་འཐུང་ན་སྨན་ནུས་བསྡུ་ལེན་བྱེད་པར་ཕན་པ་དེ་བསྟན་པ་ཡིན་པས།གལ་ཏེ་ནད་པས་ཁ་ཟས་ཀྱི་སྔོན་ལ་ཞོར་ཟས་མང་པོ་ཟོས་ཚེ།སྐབས་དེའི་ཁ་ཟས་ཀྱི་སྔོན་ལ་ཞེས་པ་དེ་ལྟོ་སྟོང་མིན་པ་རེད།དེ་ལས་ལྡོག་སྟེ་ཁ་ཟས་ཟོས་རྗེས་འཐུང་དགོས་ཞེས་བ་ནི་ཁ་ཟས་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་འཐུང་བ་དེར་ཟེར་ཞིང་།དེ་ལྟར་བྱས་ན་སྨན་རྫས་ཀྱིས་ཕོ་བ་དང་རྒྱུ་མར་ཕོག་ཐུག་གཏོང་བ་ཇེ་ཉུང་དང་ཡང་ན་ཕོ་བ་དང་རྒྱུ་མའི་སྨན་རྫས་བསྡུ་ལེན་གྱི་ནུས་པར་སྐུལ་འདེད་གཏོང་བར་ཕན་པ་རེད།
     
མི་འགྲིག་ས་གཉིས་པ།ཉལ་ནས་སྨན་འཐུང་བ།

 ཉལ་ནས་སྨན་འཐུང་ཚེ།སྨན་རྫས་མིད་པའི་འབྱར་སྐྱིའི་སྟེང་འབྱར་སླ་བས།སྨན་ནུས་ལ་གནོད་པ་བཟོ་བར་མ་ཟད།ད་རུང་མིད་པར་ཕོག་ཐུག་བཏང་ནས།ལུ་བ་དང་གཉན་ཚད་རྒྱས་སུ་འཇུག་སྲིད།ད་རུང་ཚབས་ཆེ་ཚེ་མིད་པའི་འབྱར་སྐྱི་ལ་གནོད་པ་བཟོས་ནས་མཇུག་འབྲས་ངན་པ་བཟོ་བ་ཡིན།
      མི་འགྲིག་ས་གསུམ་པ།སྨན་སྐམ་མྱིད་བྱེད་པ།

 ནད་པ་ལ་ལ་ཞིག་གིས་རང་ལ་སྟབས་བདེ་བཟོ་ཆེད།སྨན་འཐུང་སྐབས་ཆུ་མི་འཐུང་བར་ཐད་ཀར་སྐམ་མྱིད་བྱེད་བཞིན་ཡོད།དོན་དངོས་ཐོག་དེ་ཡང་ཉེན་ཁ་ཧ་ཅང་ཆེ་བ་ཞིག་རེད།དེ་ཕྱོགས་གཅིག་ནས་བཤད་ན་ཉལ་ནས་སྨན་འཐུང་བ་དང་འདྲ་བར་མིད་པར་གནོད་པ་བཟོ་བ་ཡིན་ལ།ཕྱོགས་གཞན་ཞིག་ནས་བཤད་ན་སྨན་འཐུང་སྐབས་ཆུ་མ་འཐུང་ཚེ་སྨན་བཞུ་བར་རོགས་རམ་བྱེད་མི་ཐུབ་པར་བརྟེན།སྨན་ལ་ལ་ཞིག་ལུས་ནང་དུ་རྡོ་སྐྲན་ཆགས་སླ་བ་རེད།དཔེར་ན་ཧྥུའུ་ཧྥང་ཞིན་ནོ་མེན(复方新诺明)སོགས་ཀྱི་སྨན་རྫས་ལྟ་བུ་རེད།
       མི་འགྲིག་ས་བཞི་བ།སྨན་རྫས་ཧྲུག་ཧྲུག་ཏུ་བཏང་བའམ་ཡང་ན་ཆུ་ནང་དུ་ཞུ་རུ་བཅུག་ནས་འཐུང་བ།

ནད་པ་ལ་ལ་ཞིག་གིས་སྨན་མྱིད་དཀའ་བ་འམ་ཡང་ན་བྱིས་པའི་མིད་པའི་ནང་ལུས་པར་སྐྲག་ནས།རང་གིས་སྨན་ཧྲུག་ཧྲུག་ཏུ་གཏོང་བའམ་ཡང་ན་ཆུ་ཡི་ནང་ལ་ཞུ་རུ་བཅུག་ནས་འཐུང་བཞིན་ཡོད།དེ་ལྟར་བྱས་ན་སྨན་གྱི་ཕན་ནུས་ལ་གནོད་པ་བཟོ་བ་མ་ཟད།ད་རུང་སྨན་རྫས་ཀྱི་ཞོར་སྐྱོན་འབྱུང་ཚད་ཇེ་ཆེར་གཏོང་སྲིད།ཡིན་ན་ཡང་།རྩྭ་སྨན་ལ་ལ་ཞིག་འཐུང་སྐབས་གོང་གི་དེ་དང་ཅུང་མི་འདྲ་སྟེ།དཔེར་ན་རྒྱུན་མཐོང་གི་རིལ་བུ་ཆེ་གྲས་རིགས་ཀྱི་སྨན་དེ།གཙང་མ་ཡིན་པའི་གྲི་ཆུང་དང་ཡང་ན་ལག་པས་རིལ་བུ་ཆུང་ ཆུང་དུ་བགོས་ནས་ཆུལ་ཁོལ་དྲོད་འཇམ་གྱིས་འཐུང་དགོས་བ་ལྟ་བུ་རེད།
       
མི་འགྲིག་ས་ལྔ་བ།སྐོམ་ཆུ་རིགས་ཀྱིས་སྨན་འཐུང་བ།
       
འོ་མ་དང་སིལ་ཁུ།ཇ།ཁུ་ནག་སོགས་བཏུང་བྱ་སྣ་ཚོགས་ཀྱིས་འཐུང་ན་སྨན་གྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད་ལ།ཐ་ན་ཉེན་ཁ་ཡང་བཟོ་སྲིད།སྨན་འཐུང་བའི་བྱེད་ཐབས་ཡང་དག་པ་ནི་ཆུ་ཁོལ་དྲོད་འཇམ་གྱིས་འཐུང་དགོས་བ་དེ་ཡིན།མི་མང་པོ་ཞིག་ལ་མཚོན་ན་རྒྱུན་དུ་སྟབས་བདེ་བའི་ཆེད་དང་ཡང་ན་རོ་མངར་བའི་ཆེད་དུ་ཇ་དང་སིལ་ཁུ་སོགས་སྐོམ་ཆུ་བཀོལ་ནས་སྨན་འཐུང་བ་རེད།དོན་དངོས་སུ་དེ་ལྟར་བྱས་ན་སྨན་ནུས་ཉམས་པ་དང་ལུས་ཕུང་བདེ་ཐང་ལའང་གནོད་པ་སྐྱེལ་སྲིད་པས་ཧ་ཅང་མི་འགྲིག་པ་རེད།སིལ་ཁུའི་རིགས་གང་ལའང་དེའི་ནང་དུ་འཚོ་བཅུདcདང་སིལ་སྐྱུར་ཡོད་ཅིང་སྐྱུར་བའི་རྫས་ཀྱིས་ སྨན་གང་ཡིན་ཡང་ཞུ་མ་རན་གོང་ལ་ཞུ་བར་བྱེད་པས་རྒྱུ་མའི་ནང་དུ་སྨན་ཞུ་བར་བར་ཆད་བཟོ་ཞིང་སྨན་གྱི་ནུས་པར་ཤུགས་རྐྱེན་ཐེབས་ཏེ་ཞོར་སྐྱོན་འབྱུང་བ་ཡིན།ད་རུང་ཁུ་ནག་སོགས་ཀྱིས་སྨན་འཐུང་ན་སྨན་རྫས་ཀྱི་གསར་བྱེད་ལ་གཏོར་བརླག་གཏོང་བ་དང་དུག་གཤིས་ཇེ་ཆེར་གཏོང་བ་རེད།གཞན་ད་རུང་འོ་མའི་ནང་དུ་ཀལ་སོགས་ཀྱི་གྲུབ་ཆ་འདུས་པས་ཕོ་རྒྱུའི་ནང་གི་མེ་དྲོད་ཀྱི་སྟོབས་དང་འཕྲད་པས་སྲིན་འགོག་གི་སྨན་ལ་ལ་ཞིག་གི་ནུས་པ་ཉམས་པར་བྱེད་སྲིད།དེ་མིན་ཁྲག་ཞན་པའི་ནད་པས་ཁྲག་གསབ་སྨན་འཐུང་སྐབས་འོ་མས་འཐུང་མི་ཉན་པ་ཡིན།དེའི་རྒྱུ་མཚན་ནི་ཁྲག་ལ་མཁོ་བའི་ལྕགས་རིགས་གཞི་རྒྱུ་སོགས་མ་འདང་བར་བརྟེན་ནས་ཁྲག་ཞན་པ་ཡིན་པས་འོ་མས་སྨན་འཐུང་ན་ལྕགས་རིགས་གཞི་རྒྱུ་འཇུ་བར་བཀག་འགོག་ཐེབས་སྲིད།ཇ་ཡིས་ཀྱང་སིལ་ཁུ་དག་དང་འདྲ་བར་སྨན་ནུས་ཇེ་ཞན་དང་དུག་རྒྱུ་ཇེ་ཆེར་གཏོང་སྲིད་པ་ཡིན།གཞན་ཡང་སྨན་འཐུང་བའི་སྐབས་སུ་ཆང་འཐུང་ཚེ་མཆིན་པར་གནོད་པ་ཚབས་ཆེན་ཐེབས་པ་རེད།
     
མདོར་ན་སྨན་འཐུང་བྱེད་སིལ་ཁུ་དང་འོ་མ།ཇ་དང་ཆང་སོགས་གང་ཡང་མི་རུང་ལ་ཆུ་ཁོལ་གྱིས་སྨན་འཐུང་བ་དེ་ཤིན་ཏུ་བཟང་།ཆུ་ཁོལ་དེ་ཡང་དྲོད་འཇམ་དང་སྐོལ་གྲངས་སོགས་སུ་དབྱེ་ནས་སྨན་འཐུང་དགོས་སྟེ།དཔེར་ན་ནད་གཞི་གྲང་བའི་རིགས་ལ་ཆུ་ཁོལ་དྲོད་འཇམ་དང་ནད་གཞི་ཚ་བའི་རིགས་ལ་སྐོལ་གྲང་གིས་སྨན་འཐུང་དགོས་བ་དེ་ཡིན། གཞན་ཡང་ཀ་ར་དང་བུ་རམ།སྦྲང་རྩི་སོགས་ཀྱི་སྨན་རྟས་ཁ་བསྒྱུར་དགོས་པའང་ཡོད་པས་སྨན་པའི་ངག་ལས་ཤེས་དགོས་ཤིང་བྱིས་པར་སྨན་ཁ་མོ་འཐུང་དུ་འཇུག་སྐབས་སྨན་རྫས་ཀྱི་གསལ་བཤད་ཡི་གེར་གསལ་བོར་བལྟས་ཏེ་ཀ་ར་དཀར་པོ་ཅུང་ཙམ་རེ་ཆུ་ཁོལ་ལ་བཏབ་ནས་སྨན་འཐུང་ཡང་ཆོག་པ་ཡིན།
     
མི་འགྲིག་ས་དྲུག་པ།སྨན་གྱི་ཤེལ་དམ་ལ་ཁ་གཏད་ནས་སྨན་འཐུང་བ།
     
མི་མང་པོ་ཞིག་ལ་མཚོན་ན་རང་གི་སྟབས་བདེའི་ཆེད་དུ་གློ་ལུ་འཇོག་པའི་སྨན་སོགས་མངར་ཁུའི་རིགས་ཀྱི་སྨན་འཐུང་སྐབས་སྨན་གྱི་ཤེལ་དམ་ལ་ཁ་གཏད་ནས་འཐུང་བཞིན་ཡོད།དེ་ལྟར་བྱས་ཚེ་ཕྱོགས་གཅིག་ནས་སྨན་ཁུར་འབག་བཙོག་ཐེབས་ནས།སྨན་གྱི་ངོ་བོ་འགྱུར་སླ་བ་དང་།ཕྱོགས་གཞན་ཞིག་ནས་སྨན་ཚད་ཚོད་འཛིན་ཡང་དག་བྱེད་མི་ཐུབ་པས།སྨན་གྱི་ཕན་ནུས་བཟང་བོ་ཐོན་དུ་འཇུག་དཀའ་བ་རེད།
       
མི་འགྲིག་ས་བདུན་པ།སྨན་མང་པོ་མཉམ་དུ་འཐུང་བ།
       
སྨན་མང་པོ་མཉམ་དུ་འཐུང་ཚེ།སྨན་རྫས་བར་གྱི་ཕན་ཚུན་གྱི་ནུས་པར་གནོད་པ་ཐེབས་པ་དང་།ཐ་ན་ད་རུང་བསམ་ཡུལ་ལས་འདས་པའི་དོན་དག་བཟོ་སྲིད།དཔེར་ན་གློ་བུར་དུ་མངལ་ཆགས་པ་དེ་སྦྲུམ་འགོག་སྨན་འཐུང་ཤོར་བྱུང་བ་མ་ཡིན་པར།སྦྲུམ་འགོག་སྨན་འཐུང་བའི་དུས་མཉམ་དུ་གློ་གཅོང་ནད་འགོག་པའི་སྨན་དང་ཡང་ན་ཀླད་ཁྲག་ཤོར་བ་འགོག་ པའི་སྨན་འཐུང་བ་ལས།སྦྲུམ་འགོག་སྨན་གྱི་ནུས་བ་ཤོར་སོང་བ་ལྟ་བུ་རེད།ཡིད་མུག་པའི་ནད་ཀྱི་ནད་གཞི་ཚོད་འཛིན་བྱེད་མི་ཐུབ་པ་དེ་ཡང་སྨན་རྫས་ཀྱི་ཕན་ནུས་མ་ལེགས་པ་མ་ཡིན་པར།ཡིད་མུག་པའི་ནད་གསོ་བཅོས་བྱེད་པའི་སྨན་འཐུང་བའི་དུས་མཉམ་དུ་ཚོར་ལྷག་ལོག་པ་འགོག་པའི་སྨན་འཐུང་བ་ལས་སྨན་ནུས་ཤོར་སོང་བ་དང་།སྙིང་ནད་གསོ་བཅོས་བྱེད་པའི་སྨན་གྱི་སྨན་ནུས་ཤོར་བའི་རྒྱུ་མཚན་ཡང་གློ་ལུ་གསོ་བཅོས་བྱེད་པའི་སྨན་ཀན་སོ་ཕེན་བཀོལ་བ་ལྟ་བུ་རེད།དེར་བརྟེན།གལ་ཏེ་ནད་རིགས་མང་པོ་ཞིག་བྱུང་ཡོད་པའི་རྐྱེན་གྱིས་སྨན་མང་པོ་འཐུང་དགོས་པའི་ནད་པས་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་ཏུ་སྨན་འཐུང་བ་ལས་རང་འདོད་ལྟར་བྱེད་མི་རུང་།
     
མི་འགྲིག་ས་བརྒྱད་པ།ཆུ་འཐུང་བ་མང་དྲགས་པ།
     
སྨན་འཐུང་རྗེས་ཆུ་འཐུང་བ་མང་དྲགས་ན་ཡང་མི་འགྲིག་པ་རེད།དེའི་རྒྱུ་མཚན་ནི་ཆུ་འཐུང་བ་མང་དྲགས་ན་ཕོ་བའི་ཆུ་སྐྱུར་སླ་པོར་བཏང་ནས།སྨན་ཞུ་བ་བསྡུ་ལེན་བྱེད་པར་གནོད་པ་རེད།སྤྱིར་བཏང་དུ་བཤད་ན།སྨན་འཐུང་སྐབས་ཆུ་ཁོལ་དྲོད་འཇམ་དཀར་ཡོལ་གང་གིས་ཆོག་པ་རེད།མངར་ཁུ་རིགས་ཀྱི་སྨན་དང་ཁྱད་པར་དུ་གློ་ལུ་འཇགས་པའི་སྨན་ཁུ་ལྟ་བུར་མཚོན་ན།འཐུང་རྗེས་དུས་ཚོད་སྐར་མ་ལྔའི་ནང་ཆུ་འཐུང་མི་རུང་བ་རེད།དེའི་རྒྱུ་མཚན་ནི་ཆུ་མང་པོ་འཐུང་ཚེ་སྨན་ཁུ་མྱུར་དུ་ཞུས་ནས་མིད་པར་གཉན་ཚད་རྒྱས་བ་གཅོག་མི་ཐུབ་པ་དང་གློ་ལུ་བ་སེལ་མི་ཐུབ་པས་ཡིན།
     
མི་འགྲིག་ས་དགུ་བ།སྨན་འཐུང་རྗེས་མྱུར་དུ་འགུལ་སྐྱོད་བྱེད་མི་རུང་།
     
ཟ་མ་ཟོས་མ་ཐག་ཏུ་འགུལ་སྐྱོད་བྱེད་མི་རུང་བ་དང་འདྲ་བར།སྨན་འཐུང་རྗེས་ ཡང་མྱུར་དུ་འགུལ་སྐྱོད་བྱེད་མི་རུང་བ་ཡིན།དེའི་རྒྱུ་མཚན་ནི་སྨན་འཐུང་རྗེས་སྤྱིར་བཏང་དུ་དུས་ཚོད་སྐར་མ་སུམ་ཅུ་ནས་དྲུག་ཅུའི་ནང་ད་གཟོད་ཕོ་རྒྱུས་བསྡུ་ལེན་བྱས་ནས་ནུས་བ་ཐོན་པ་ཡིན་པས།མྱུར་དུ་འགུལ་སྐྱོད་བྱས་ཚེ་ཕོ་རྒྱུ་སོགས་དོན་སྣོད་ལ་ཁྲག་མཁོ་འདོན་བྱེད་ཚད་མི་འདང་བ་དང་།སྨན་རྫས་བསྡུ་ལེན་ནུས་པར་གནོད་པ་ཆེན་པོ་བཟོ་བས་ཡིན།
     
མི་འགྲིག་ས་བཅུ་བ།སྨན་འཐུང་སྐབས་བཟའ་བཏུང་གི་འཛེམ་བྱར་མཉམ་འཇོག་མི་བྱེད་པ།
     
སྨན་འཐུང་སྐབས་བཟའ་བཏུང་ལ་མཉམ་འཇོག་མ་བྱས་ཚེ་སྨན་གྱི་ཕན་ནུས་ཇེ་དམའ་རུ་གཏོང་སྲིད།ཚབས་ཆེ་ཚེ་ད་རུང་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད།དཔེར་ན་མགོ་ན་བ་ བཅོ་བའི་སྨན་འཐུང་སྐབས་ཆང་འཐུང་མི་ཉན་པ་ལྟ་བུ་རེད།
     
མི་འགྲིག་ས་བཅུ་གཅིགཆམ་པ་ཕོག་ན་སྲིན་འགོག་གི་སྨན་འཐུང་བ།
     
དེང་སྐབས་ཆམ་པ་ཕོག་ནས་ཚ་ལངས་མ་ཐག་ཏུ་སྲིན་འགོག་གི་སྨན་འཐུང་བ་དང་རྩ་ ཁབ་རྒྱག་པ་ནི་རང་རྒྱལ་གྱི་དར་སྲོལ་ཞིག་ཡིན་ལ།ཁྱད་པར་དུ་མི་མང་པོ་ཞིག་གིས་སྲིན་འགོག་གི་སྨན་གྱིས་ཆམ་ནད་མང་ཤོས་ལ་གོ་མི་ཆོད་པ་ཤེས་བཞིན་དུ་སྨན་པར་སྲིན་འགོག་གི་སྨན་བཀོལ་བར་རེ་བ་འདོན་བཞིན་ཡོད་པ་རེད།སྤྱིར་ཆམ་ནད་ལ་ཆམ་པ་དང་ཆམ་རིམས་གཉིས་སུ་བཀར་ཡོད་ལ་སྤྱིར་བཏང་གི་ཆམ་པ་ལ་དུས་རྒྱུན་དུ་ང་ཚོས་དྲོས་འཁྱག་ཟེར་བ་དང་མང་ཆེ་བ་ནི་ལུས་པོ་འཁྱག་པ་དང་སྣའི་ནད་དུག་གང་རུང་གིས་བསྐྱེད་པ་ཡིན་པས།ནད་རྟགས་ཡང་ཞིང་འགོས་ཚད་ཞན་པ་ཡིན།ཆམ་རིམས་ཀྱི་ནད་དུག་ནི་འགོས་ཚད་ ཆེ་ཞིང་ནད་རྟགས་ལྕི་བ་ཡིན།ཆམ་པ་དང་ཆམ་རིམས་དེ་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི་ གཉིས་ཀ་ནད་དུག་གིས་བསྐྱེད་པ་ཡིན།མིག་སྔར་ཆམ་པའི་ནད་དུག་གསོད་ཐུབ་པའི་སྨན་རྫས་མེད་ཅིང་ཅུང་ཕན་པའི་ཐབས་ཤིག་ཡོད་པ་ནི་མིའི་ལུས་ཕུང་གི་རིམས་འགོག་མ་ལག་ལ་བརྟེན་དགོས་བ་ཡིན།ངལ་གསོ་བ་དང་ཆུ་ཁོལ་མང་པོ་འཐུང་བ།ཟས་སྐོམ་རྣོ་ཞིང་ཚ་བའི་རིགས་སྤང་བ་བཅས་བྱས་ན་རིམས་འགོག་མ་ལག་གི་ནུས་པ་ཇེ་དྲག་ཏུ་བཏང་བས་དེ་ཡང་ཆམ་ནད་གསོ་བཅོས་བྱེད་ཐབས་བཟང་བོ་ཞིག་ཡིན།
     
ཡང་ཆམ་རིམས་ལ་ལ་ཞིག་ནི་འབུ་ཕྲས་འགོས་སུ་འཇུག་པ་ཡིན་ཏེ།དལ་ལངས་རང་བཞིན་གྱི་གློ་ཡུ་འགག་པའི་ནད་དང་གློ་བ་དབུགས་འཚང་གི་ནད།གློ་ཡུ་གཉན་ཚད།སྙིང་རྩའི་ནད།གཅིན་སྙི་ཟ་ཁུའི་ནད་སོགས་གང་རུང་བྱུང་ཡོད་པའི་ལོ་ལོན་དང་།ནད་གཞན་པ་ཡོད་པའི་ནད་པ་རྣམས་ལ་འབུ་ཕྲ་འགོས་སླ་བས།སྲིན་འགོག་གི་སྨན་བཀོལ་ནས་གསོ་བཅོས་བྱེད་དགོས་མོད།འོན་ཀྱང་རྨོངས་ཚོད་ཀྱིས་སྲིན་འགོག་གི་སྨན་བསྟེན་པ་མང་དྲགས་ན་རིམས་འགོག་མ་ལག་གི་རྒྱུན་ལྡན་གྱི་བྱེད་ནུས་ལ་བར་ཆད་བཟོ་སྲིད་པ་མ་ཟད་མཁལ་མའི་ནུས་པ་ལའང་གནོད་པ་བཟོ་བ་ཡིན།
     
མི་འགྲིག་ས་བཅུ་གཉིས།རྒྱ་སྨན་ལ་ཞོར་སྐྱོན་ཆེ་བ་དང་ཀྲུང་སྨན་དང་བོད་སྨན་ལ་ཞོར་སྐྱོན་མེད་པར་འདོད་པ།ནད་ཐོག་ལག་ལེན་ཁྲོད་དུ་ཀྲུང་སྨན་འགའ་ལ་དུག་མེད་པར་འདོད་ཀྱང་ཐུན་ཚད་ལས་བརྒལ་ན་མི་ལེགས་པའི་སྣང་ཚུལ་འདྲ་མིན་འབྱུང་བ་སྟེ།དཔེར་ན་གློ་ལུ་འཇོག་པའི་མངར་ཁུ་བསྟེན་ཚད་མང་ན་སྙིང་ལྡིང་ཚད་ཇེ་མགྱོགས་དང་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་།སྐྱུག་སློང་བར་བྱེད་པ་ལྟ་བུ་རེད།གཞན་ཡང་མཆིན་ཚད་ཀྱི་ཀྲུང་སྨན་མང་ཆེ་བའི་ནུས་པ་བསིལ་དྲགས་པ་དང་རོ་ཁ་བས་ཕོ་བའི་འབྱར་སྐྱི་ལ་གནོད་སྐྱོན་ངེས་ཅན་ཐེབས་སྲིད་པ་དང་རྒྱུན་དུ་བསྟེན་ན་སྐྱུག་ལངས་བ་དང་ཡི་ག་འགག་པ།དེ་མིན་ནད་བབ་ཇེ་ལྗིད་དུ་གཏོང་སྲིད་པ་རེད།བོད་སྨན་ལའང་ཞོར་སྐྱོན་ཡོད་དེ་བོད་ཀྱི་ཆེད་མཁས་སྨན་པ་དག་གིས་བཤད་རྒྱུར།བོད་སྨན་ལ་ཞོར་སྐྱོན་མེད་ཟེར་བ་དེ་བོད་སྨན་ལ་ནུས་བ་མེད་ཅེས་ཟེར་བ་དང་མཚུངས་བས་ནུས་པ་ཡོད་ན་ཞོར་སྐྱོན་ཀྱང་ངེས་པར་དུ་ཡོད་པ་ཡིན་ཞེས་གསུངས་པ་བཞིན་ཞོར་སྐྱོན་ཡོད་པ་རེད།དཔེར་ན་གླ་རྩི་འདུས་པའི་སྨན་རིགས་འཐུང་དྲགས་ན་སོ་ལྷུང་བར་བྱེད་པ་དང་ཁྱུང་ལྔ་གཙོ་བྱས་པའི་གཉན་སྲིན་གྱི་སྨན་འཐུང་བ་མང་ན་བརྗེད་ངེས་ཆེ་བར་འགྱུར་བ་དང་།ཛཱ་ཏི་སྤྱིར་རླུང་ལ་ཕན་མོད་ཐུན་ཚད་ཆེ་ན་རླུང་འཇོམས་པ་ཕར་ཞོག་རླུང་འགོ་ཤོར་ནས་གཉིད་མི་ཡོང་བ་སོགས་ཀྱི་སྐྱོན་འབྱུང་ཞིང་།མཁྲིས་ཚད་ཀྱི་སྨན་དང་གྲང་གཞིའི་སྨན་བསྟེན་ཚད་མང་ན་ཕོ་བར་གནོད་པ་ཡིན་པས།བོད་སྨན་འཐུང་ནའང་སྨན་པའི་བཤད་པ་ལྟར་དུ་འཐུང་རྒྱུ་དེ་ཧ་ཅང་གལ་ཆེ་བ་རེད།
     
མདོར་ན་རྒྱ་སྨན་དང་ཀྲུང་སྨན།བོད་སྨན་སོགས་སྨན་གང་ཞིག་ཡིན་ཡང་དེ་ལ་ཞོར་སྐྱོན་ཡོད་པས།སྨན་བཀོལ་སྐབས་སྨན་པའི་བཤད་པ་ཇི་བཞིན་སྨན་འཐུང་བ་ལས་རང་འདོད་ཀྱིས་སྨན་ཐུན་བཟོ་བཅོས་བྱས་ནས་འཐུང་ན་མི་འགྲིག་པ་རེད།
     
མི་འགྲིག་ས་བཅུ་གསུམ།ཚ་ལངས་བར་ཚད་པ་གཅོག་པའི་སྨན་བཀོལ་བ།
     
ཆམ་པ་སོགས་ཕོག་ནས་ལུས་ལ་ཚ་ལངས་ཚེ་ཡན་ལག་དང་རུས་ཚིགས་ན་བ་དང་།ལུས་པོ་ཐང་ཆད་པ་སོགས་འབྱུང་བས་མི་མང་པོ་ཞིག་གིས་ཚ་ལངས་སྐབས་རྒྱུན་དུ་ཚད་པ་གཅོག་པའི་སྨན་ཁོ་ན་བསྟེན་ནས་ལུས་པོ་ཇེ་བདེར་ཡོང་ཐབས་བྱེད་བཞིན་ཡོད།འོན་ཀྱང་བྱེད་ཐབས་དེ་ཧ་ཅང་མི་འགྲིག་པ་རེད།ཁྱད་པར་དུ་བྱིས་པར་མཚོན་ན་ཁྱིམ་བདག་མང་པོས་ཚ་ལངས་ན་ཀླད་པར་གནོད་པར་བསམ་ནས་བྱིས་པར་ཚ་ལངས་མ་ཐག་ཏུ་བསྟུད་མར་ཚད་པ་གཅོག་པའི་སྨན་འཐུང་དུ་འཇུག་བཞིན་ཡོད།ཡིན་ན་ཡང་སྨན་བཀོལ་སྟངས་འདིའི་རིགས་ཀྱིས་མཇུག་འབྲས་ཚབས་ཆེན་བཟོ་བ་གཏན་ནས་ཤེས་ཀྱིན་མེད།སྤྱིར་ཚ་ལངས་ན་ལུས་པོ་དང་གསོ་བཅོས་ལ་ཕན་པ་གཉིས་ཡོད་པ་གཤམ་གསལ་ལྟར།དང་པོ།ཚ་ལངས་ན་ནད་དུག་དང་འབུ་ཕྲ་སོགས་ཀྱིས་ལུས་ལ་གནོད་པ་གཏོང་བ་འགོག་ཐུབ་སྟེ།ནད་དུག་དང་འབུ་ཕྲ་སོགས་ཀྱིས་ལུས་ལ་གནོད་པ་བྱས་ནས་ཕུང་གྲུབ་ཁག་ལ་གཏོར་བརླག་བྱེད་པའི་སྐབས་སུ་ཚ་ལངས་སྲིད།དེ་ལྟར་ཚ་ལངས་བའི་དུས་སུ་རྙིང་ཚབ་གསར་བྱེད་ནུས་པ་ཇེ་མགྱོགས་དང་རིམས་འགོག་ནུས་པ་ཇེ་དྲགས།འགོག་ཕུང་ཇེ་མང་དུ་འགྲོ་བ་མ་ཟད།མཆིན་པའི་དུག་སེལ་ནུས་པ་ཇེ་ཆེར་འགྲོ་བས་ནད་དུག་ སོགས་འགོག་པའི་གྲོགས་སུ་འགྱུར་བ་ཡིན།དེ་མིན་ནད་གཞི་ཁག་ཅིག་གི་སྐྱེ་འཕེལ་ལ་བཀག་འགོག་ཀྱང་བྱེད་པ་ཡིན་པས་རྒྱུ་ལམ་གཙང་དག་བྱེད་ཐུབ་པ་ཡིན།
     
གཉིས་པ།ཚ་ལངས་ན་ནད་རིགས་དབྱེ་འབྱེད་དང་བརྟག་དཔྱད་ལའང་རམ་འདེགས་བྱེད་ཐུབ་སྟེ་ནད་རིགས་དང་ནད་དུག་མི་འདྲ་བས་ཚ་ལངས་བའི་སྣང་ཚུལ་ཡང་མི་འདྲ།དཔེར་ན་འདར་ནད་འགོས་པའི་ནད་ལྟ་བུར་མཚོན་ན་རྒྱུན་དུ་ཚ་ལངས་བ་་དང་འདུས་འདྲིལ་གཅོང་ནད་ལྟ་བུར་རྒྱུན་པར་ཚ་ཆུང་བ་ཡུན་རིང་བོར་ལངས་བ་ལལྟ་བུ་རེད།ནད་ཀྱི་རྒྱུ་རྐྱེན་་གང་ཡིན་མ་ཤེས་པར་ཚད་པ་གང་འདོད་དུ་གཅོག་ན་ཚ་བ་གབ་པའི་ནད་སོགས་སུ་འགྱུར་བར་ཉེན་ཁ་ཆེ་བས་རྗེས་ཕྱོགས་ཀྱི་གསོ་བཅོས་ལ་བར་ཆད་བཟོ་ངེས་པ་དང་ནད་འགོག་ནུས་པར་ཡང་ཤུགས་རྐྱེན་ཐེབས་སྲིད།
     
སྤྱིར་ཚ་ལངས་བའི་གནས་ཚུལ་དང་ཐུག་ན་ཐོག་མར་ཚད་པ་ཆེ་འབྲིང་ཆུང་གསུམ་དུ་དགར་དགོས་ཏེ།ལུས་དྲོད་ཏུའུ37ནས་38བར་ཡིན་ན་ཚད་པ་ཆུང་བ་ཡིན་ལ།ཏུའུ38ནས39བར་ཡིན་ན་ཚད་པ་འབྲིང་བོ་དང་ཏུའུ39ཡན་ཡིན་ཚེ་ཚད་པ་ཆེ་བ་ཡིན།ཚད་པ་ཆུང་བར་རྒྱུན་དུ་ཚ་སྨན་འཐུང་མི་དགོས་ཤིང་ཆུ་ཁོལ་དང་སྐོལ་གྲང་གི་ཆུ་མང་པོ་འཐུང་བ་དང་འཚོ་བཅུད་གསོ་བའི་སྨན་རིགས་ཅུང་འཐུང་བས་ཆོག་མོད།འོན་ཀྱང་ཚད་པ་ཇེ་ཆེར་འགྲོ་བར་མཉམ་འཇོག་དགོས།ཚད་པ་འབྲིང་བོ་དང་ཚད་པ་ཆེ་བའམ་ཚ་ལངས་བའི་དུས་ཡུན་ཅུང་རིང་ན་མྱུར་དུ་སྨན་ཁང་ལ་བསྐྱལ་དགོས།ནད་པའི་ལུས་ཚ་ཏུའུ39ཡན་ལ་བསླེབས་ཚེ་དབྱང་དབུགས་དང་ ལུས་ཟུངས་ཟད་པར་གྱུར་ནས་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་སྟེ་སྙིང་གི་ཁུར་ བོ་ཇེ་ལྗིད་ལ་འགྲོ་བ་དང་ཁྲག་རྩ་སྐྲངས་བ།དེ་མིན་ཀླད་པར་སྐྱོན་འབྱུང་བ་དང་ཐ་ན་འཆི་ཡང་སྲིད་པ་ཡིན།ཁྱད་པར་དུ་བྱིས་པ་ལ་ཉེན་ཁ་ཤིན་ཏུ་ཆེ་བས་རང་འདོད་ཀྱིས་ཚད་པ་གཅོག་པའི་སྨན་མི་བཀོལ་བར་སྨན་པའི་བཤད་པ་བཞིན་གསོ་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད།།