དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> རྩོམ་རིག་དཔྱད་བརྗོད།
གཙོ་ངོས།གསར་འགྱུར།ཆེད་སྒྲིགཆེད་དོན།གཟུགས་ལྡན།སྒྲ་ལྡན།རོལ་མོ།གློག་བརྙན་ཟློས།རྩོམ་རིགཡུལ་སྐོར།པར་མཛོད།སྐད་འཇོག་པ།
རྩོམ་པ་པོ། ཚེ་རིང་བཀྲ་ཤིས། དུས་ཚོད། 2017-04-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 252

ང་ཚོའི་བོད་ཀྱི་སྐད་ཡིག་སློབ་དེབ་འདི་རྩོམ་བཏུས་རང་བཞིན་གྱི་སློབ་དེབ་ཡིན་པས་ལོ་རབས་བརྒྱད་ཅུའི་སྐབས་ཀྱི་སློབ་དེབ་དང་བསྡུར་ན་ཅི་ཞིག་ཁྲིད་དགོས་པའི་ནང་དོན་དེ་གསལ་བོ་ཞིག་མ་རེད། སྔོན་མ་ཡིན་ན་སློབ་དེབ་ནང་ན་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་སྦྱོང་བརྡར་བྱེད་རྒྱུ་མང་པོ་ཡོད་པས། དགེ་རྒན་གྱིས་སློབ་ཁྲིད་རྩ་འཛིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་ལས་ཀར་ཞིབ་འཇུག་མ་བྱས་ཀྱང་སློབ་དེབ་ནང་ནས་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་ནུས་པ་གང་དག་སྦྱོང་བརྡར་བྱེད་དགོས་པའི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པས། སློབ་དེབ་ཀྱི་རེ་འདུན་དང་ནང་དོན་ལྟར་སློབ་ཁྲིད་བྱས་ཚེ་སློབ་ཁྲིད་གོལ་ལམ་དུ་ནམ་ཡང་འགྲོ་མི་སྲིད། ཡིན་ནའང་ད་ལྟའི་སློབ་དེབ་ནི་དེ་འདྲ་མ་ཡིན་པར་སློབ་དེབ་ཧྲིལ་བོ་རྩོམ་བཏུས་རང་བཞིན་ཅན་ཡིན་པས། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་ཁྲིད་འགན་ཁུར་དང་ཁ་ཕྱོགས་༼འབྲི་དང་ཀློག་མ་གཏོགས་ཁྲིད་རྒྱུ་མེད་པ༽ཅུང་གསལ་ཡང་། ལོ་རིམ་རིམ་བཞིན་ཇེ་མཐོར་འཕར་བ་དང་བསྟུན་ནས་སློབ་ཁྲིད་ཀྱི་ནང་དོན་དང་འགན་ཁུར་ཡང་རིམ་བཞིན་མག་མོག་ཏུ་གྱུར་ནས་གསལ་བོ་མིན་པས། བསླབ་ཚན་ཚད་གཞི་ལ་སློབ་སྦྱོང་དང་། སློབ་ཁྲིད་ལས་ཀར་བསམ་གཞིགས་དང་ཞིབ་འཇུག་བྱེད་མཁན་ཞིག་མིན་ཚེ། ཅི་ཞིག་ཁྲིད་དགོས་པའི་ཁ་ཕྱོགས་གཏན་ཁེལ་ཞིག་མེད་པར་རང་འདོད་གང་དྲན་གྱིས་ཁྲིད་པའི་སྣང་ཚུལ་འབྱུང་བཞིན་ཡོད་པས་ང་ཚོའི་སློབ་མའི་སྐད་ཡིག་གི་ཆུ་ཚད་དེ་ཇི་ལྟར་ཤུགས་བརྒྱབ་ཀྱང་འཕེལ་མེད་སོར་གནས་ཡིན་པའི་གནད་དོན་འདི་ལྷགས་པ་རེད་འདོད། དེས་ན་བདག་གིས་སློབ་ཆུང་ལོ་རིམ་ལྔ་བའི་སྐད་ཡིག་སྟོད་ཆའི་དེབ་སྟེང་གི་སློབ་ཚན༼སྤྱང་བོ་དང་བླུན་པོ༽ཞེས་པ་དཔེ་གཞིར་བཟུང་ནས་ལོ་རིམ་ལྔ་བའི་དུས་སྐབས་འདིར་སློབ་ཚན་སྟེང་ནས་སྐད་ཡིག་གི་ཤེས་བྱ་དང་ནུས་པའི་ཁག་དེ་ཇི་ལྟར་ཁྲིད་ན་འོས་པ་དཔྱད་གཞིའི་ཚུལ་དུ་དགེ་རྒན་རྣམ་པ་ཚོར་སྙན་ཞུ་རེ་ཕུལ་ན།

གཅིག རྨང་གཞི་ཤེས་བྱ་ཡི་སྦྱོང་བརྡར། 

སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཟེར་དུས། ངས་བལྟས་ན་སློབ་ཆུང་གི་དུས་རིམ་ནང་གཙོ་བོ་མིང་གི་དག་ཆ་དང་གོ་དོན། བཀོལ་སྤྱོད་གསུམ་གྱི་སྟེང་ལ་བབས་ན་འགྲིག་གི་བསམ་གི ཁྱད་པར་དུ་དེ་རིང་གི་སློབ་ཚན་འདི་ལྟ་བུར་མཚོན་ན་སློབ་ཚན་མཇུག་གི་ཐ་སྙད་གསར་བ་དག་ནི་རྨང་གཞི་ཤེས་བྱ་ཡི་སྦྱོང་བརྡར་གྱི་ནང་དོན་དུ་བཞག་ན་འགྲིག དེ་ཡང་དགེ་རྒན་གྱིས་ཐ་སྙད་འདི་དག་སྒོ་སམ་ངོས་སུ་སྨྱུག་རིམ་འགྲིག་ལ་གཙང་ཞིང་གྲལ་དག་པའི་སྒོ་ནས་༼སློབ་མའི་ཡིག་གཟུགས་འབྲི་སྟངས་ཀྱི་མ་དཔེར་ལོངས་པའི་ཚད་རིམ་དུ་ཐོན་དགོས་པ༽འབྲི་བ་དང་། དེ་ནས་སྒྲ་དག་གསལ་གསུམ་ཚང་བའི་སྒོ་ནས་ཐ་སྙད་རེ་རེ་བཞིན་ཚེག་འདེད་ཀྱིས་ཀློག་སྟངས་མང་དུ་སྦྱོང་བརྡར་བྱེད་བཅུག་སྟེ་དག་ཆ་ངེས་ནས་དཔོད་བྲིས་བཏང་ན་ཡིག་ནོར་མེད་པའི་ཚད་ལ་ཐོན་འཇུག་རྒྱུ། 
དེ་ནས་སློབ་ཚན་དུ་ཐ་སྙད་དག་གང་དུ་ཡོད་པ་རྟགས་འགོད་དུ་འཇུག་རྒྱུ་དང་། སློབ་ཚན་གྱི་སྔ་ཕྱིའི་ཚིག་དང་སློབ་མ་རང་ཉིད་ཀྱི་འཚོ་བའི་དོན་དངོས་ལ་ཟུང་འབྲེལ་གྱིས་ཐ་སྙད་དག་གི་གོ་དོན་ལ་རིག་འདེད་ཀྱིས་རྟོགས་པར་སྦྱོང་བརྡར་དང་། མཇུག་ཏུ་ཐག་གིས་གཅོད་མི་ཐུབ་པའི་གོ་དོན་དག་སློབ་མར་ཚིག་མཛོད་ནང་བཙལ་བཅུག་སྟེ་དོན་གོ་འཇུག་རྒྱུ། མཐའ་མར་ཐ་སྙད་ཀྱི་གོ་དོན་དང་སློབ་ཚན་གྱི་ཚིག་གི་སྦྱོར་བ། སློབ་མ་རང་ཉིད་ཀྱི་སྐད་ཆའི་ཤེས་བྱ་གསོག་འཇོག་བཅས་ལ་བརྟེན་ནས་ཐ་སྙད་དག་འོས་འཚམས་ཀྱིས་བཀོལ་སྤྱོད་བྱེད་སྟངས་ལ་སྦྱོང་བརྡར་བྱེད་རྒྱུ། དེ་ཡང་ཐོག་མར་ངག་ཐོག་ནས་བཤད་པ་དང་། དེ་ནས་ཡིག་ཐོག་ཏུ་འབྲི་བ། མཐའ་མར་བོད་སྐད་ཀྱི་ཆོས་ཉིད་དང་བསྟུན་ནས་དགེ་རྒན་གྱིས་ནོར་བཅོས་དང་མཛུབ་སྟོན་བྱེད་རྒྱུ། ངས་བལྟས་ན་སློབ་ཚན་རེ་རེ་བཞིན་དུ་སློབ་ཐུན་དང་པོའི་སློབ་ཁྲིད་ནང་དོན་དེ་འདི་ལྟ་བུ་ཞིག་གི་སྟེང་དུ་བཞག་པ་ཡིན་ན་སྐད་ཡིག་བསླབ་ཚན་གྱི་ཚད་གཞི་དང་མཐུན་ལ། སློབ་ཆུང་དུས་རིམ་ནང་ཐ་སྙད་༢༤༠༠ཡས་མས་ཙམ་འདི་ལྟའི་སྦྱོང་བརྡར་བརྒྱུད་ནས་རྟོགས་པ་ཡིན་ན་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་འགར་ཁུར་ཡང་འགྲུབ་ཡོད་འདོད་གི 
དེ་ལྟར་ང་ཚོ་ལ་སློབ་ཁྲིད་ནང་དོན་ཡོད་རྗེས་ཐབས་བཀོད་ཀྱང་ཞར་ལ་ཡོང་ངེས་ཏེ། ཚེགས་ཆུང་ལ་དོན་ཆེ་བ། ཤེས་བྱ་ཁྲིད་ལ་ནུས་པ་སྦྱོང་བརྡར་ཡང་བྱེད་ཐུབ་པའི་ཐབས་བཀོད་རེ་རེ་དགེ་རྒན་ཚོའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པར་གདོན་མི་ཟའོ།

གཉིས། ལྟ་ཀློག་དབྱེ་ཞིབ་ཀྱི་སྦྱོང་བརྡར།

ང་ཚོས་མིང་བརྡ་ཐ་སྙད་ཀྱི་གནད་དོན་ཐག་གིས་བཅད་རྗེས་འགན་ཁུར་གཉིས་པ་ནི་ཀློག་རེད། ཀློག་འདི་ལའང་རིམ་པ་མང་པོའི་རེ་འདུན་ཡོད་དེ། ནང་དོན་ལ་བསམ་གཞིགས་གཏོང་ཞོར་གོ་བ་རགས་ཙམ་ལེན་པའི་རེ་བ་འདོན་པའི་གྱེར་ཀློག་དང་སིམ་ཀློག་སོགས་ཀྱི་ནུས་པ་སྦྱོང་བརྡར་དང་། དེ་ནས་ཀློག་པའི་ཞོར་དུ་རྩོམ་ཡིག་གི་མཚོན་པའི་ཐབས་དང་བསྟན་པའི་དོན་སོགས་ངོས་འཛིན་པའི་ལྟ་ཀློག་དབྱེ་ཞིབ་ཀྱི་ནུས་པའི་སྦྱོང་བརྡར་སོགས་ཡོད་པ་རེད། དེས་ན་ཐོག་མར་གྱེར་ཀློག་འདི་ཧ་ཅང་གིས་གལ་ཆེ་སྟེ། དགེ་རྒན་གྱིས་སྒྲ་གསལ་ཞིང་དག་ལ། ཚིག་གི་གཅོད་མཚམས་འགྲིག་པ། བརྩེ་དུང་ལྡན་པའི་སྒོ་ནས་སློབ་མར་ཀློག་པའི་ཐབས་ཁྲིད་རྒྱུ་ནི་མ་མཐའི་དམིགས་ཚད་ཡིན། དེ་ནས་ལོ་རིམ་རེ་རེ་བཞིན་གྱིས་སྐར་མ་གཅིག་གི་ཡུན་ལ་མ་མཐའ་ཡང་ཚེག་ཁྱིམ་དུ་བཀླག་ཐུབ་དགོས་པ་བསླབ་ཚན་ཚད་གཞི་དང་བསྟུན་ནས་༼ལོ་རིམ་ལྔ་བ་དང་དྲུག་པས་མ་མཐའ་ཡང་སྐར་མ་རེར་ཚེག་ཁྱིམ་༢༠༠ཡན་སིམ་ཀློག་ཐུབ་དགོས་པ༽སྦྱོང་བརྡར་བྱེད་རྒྱུ་སོགས་ནི་སློབ་ཐུན་གཅིག་གི་ཡུན་ལ་ཐག་གིས་གཅོད་དགོས་པའི་འགན་ཁུར་གཙོ་བོ་རེད་འདོད། རྩོམ་ཡིག་ཡག་པོ་དེ་བཀླགས་ནས་བྱུང་བ་ཡིན་ཟེར་བ་བཞིན་སུན་སྣང་མེད་པར་ཡང་དང་བསྐྱར་གྱིས་བཀླགས་འཇུག་རྒྱུ་ནི་གལ་ཆེན་རེད། དེ་ལའང་བྱེ་བྲག་གིས་ཐབས་ཤེས་མི་འདྲ་བ་སྤྱད་ནས་སློབ་མའི་སྤྲོ་བ་སློང་བ་དང་ལྷན་དུ་ནུས་པ་སྐྱེད་སྲིང་བྱེད་རྒྱུ་གལ་ཆེའོ། དེའི་འཕྲོ་ནས་སློབ་ཐུན་གསུམ་པ་དེ་སློབ་ཚན་གྱི་ལྟ་ཀློག་དབྱེ་ཞིབ་ཀྱི་ནུས་པ་སྦྱོང་བརྡར་བྱེད་རྒྱུ་སྟེ། དུས་རྒྱུན་གྱི་སྐད་ཆ་ལྟར་བཤད་ན་སློབ་ཚན་དབྱེ་ཞིབ་དང་སློབ་ཚན་གྱི་ནང་དོན་བཤད་པ་ཟེར་བ་དེའི་སྟེང་ལ་འབབ་ཆོག་གི་རེད། ལས་ཀ་འདིའི་མགོ་བཟུང་དགོས་ན་སློབ་ཐུན་དང་པོ་དང་གཉིས་པའི་འགན་ཁུར་དམིགས་ཚད་ལྟར་འགྲུབ་རྒྱུ་ནི་མ་མཐའི་ཆ་རྐྱེན་རེད། ད་ལྟ་སློབ་གྲྭ་ལ་ཤས་ན་རྨང་གཞིའི་ཤེས་བྱའི་སྦྱོང་བརྡར་ནི་མེད། ཀློག་གི་ནུས་པ་སྦྱོང་བརྡར་ཡང་མེད་པར་ཐད་ཀར་སློབ་ཚན་གྱི་ནང་དོན་བཤད་པའི་སྟེང་ལ་འབབ་གི་འདུག འདི་ནི་ང་ཚོའི་སྐད་ཡིག་སློབ་ཁྲིད་ལམ་ལོག་ཏུ་འགྲོ་བའི་གནད་གཙོ་བོ་ཞིག་རེད། དཔེར་ན་ཀ་བ་དང་ཀ་རྡོ་མེད་པར་ཁང་བ་འབུབ་པ་དང་མཚུངས་པ་རེད། གོང་གི་རྨང་གཞི་འདི་གཉིས་འཛོམས་ན་ད་གཟོད་ལྟ་ཀློག་དབྱེ་ཞིབ་ཀྱི་ནུས་པ་སྦྱོང་བརྡར་བྱེད་བདེ་ལ། ལྟ་ཀློག་དབྱེ་ཞིབ་སྐབས་སློབ་ཚན་གྱི་ནང་དོན་མང་ཆེ་བའང་སློབ་མས་གོ་ཐུབ་པས་དགེ་རྒན་ལ་མང་པོ་བཤད་རྒྱུ་མེད་པར་འགན་ཁུར་ཇེ་ཡང་དུ་འགྲོ་ངེས་ལ། སློབ་མར་འདོན་རྒྱུ་དང་བཤད་རྒྱུ། བསམ་རྒྱུ་ཡང་ཡོད་ངེས། སློབ་གསོའི་གཞུང་ལུགས་ན་བཤད་བཞིན་པའི་སློབ་མ་གཙོ་གཞི་ཟེར་བའི་ཐོག་ལའང་འབབ་ཐུབ་རྒྱུ་རེད། 
སློབ་ཚན་དབྱེ་ཞིབ་འདི་ལའང་དེང་རབས་རྒྱའི་ལྟ་ཀློག་སློབ་ཁྲིད་ཀྱི་ཐབས་ཤེས་ལྟར་ན་ཡན་ལག་དྲུག་སྟེ། ༡ ཁ་བྱང་འགྲེལ་བ། ༢ རྩོམ་པ་པོ་ངོ་སྤྲོད། ༣ ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད། ༤ ཚན་པ་དགར་བ། ༥ བརྗོད་སྙིང་ཕྱོགས་སྡོམ། ༦རྩོམ་འབྲིའི་ཁྱད་ཆོས་ཕྱོགས་སྡོམ་བཅས་ཕྱོགས་དྲུག་གི་སྒོ་ནས་འཆད་ཐབས་ཡོད་མོད། ད་ལྟའི་སྐད་ཡིག་སློབ་ཁྲིད་ཀྱི་གཞུང་ལུགས་གསར་བའི་ངོས་ན་འདི་ལ་དགག་བཞག་དང་བསྒྱུར་བཅོས་མང་པོ་གནང་གི་ཡོད་པས་མི་ཚད། སློབ་ཆུང་སློབ་མ་ལ་དེ་བས་ཀྱང་མི་འཚམ་པས་བསྐྱུར། 
དེས་ན་བདག་གིས་བལྟས་ན་གཙོ་བོ་ནང་དོན་གཉིས་ཀྱི་སྒོ་ནས་ལྟ་ཀློག་དབྱེ་ཞིབ་ཀྱི་ཐབས་ཤེས་ཁྲིད་དགོས་པར་འདོད་དེ། 
༡ བཤད་པའི་ནུས་པ་སྦྱོང་བརྡར།
བཤད་ཅེས་པ་འདི་སྤྱིར་བཏང་གི་སྐད་ཆ་བཤད་པ་ཙམ་ལ་གོ་རྒྱུ་མིན་པར་བསམ་གཞིགས་དབྱེ་ཞིབ་ཀྱི་ནང་དོན་འདུས་པའི་སྐད་ཡིག་གི་ནུས་པ་རིགས་ཤིག་ལ་གོ་བ་ཡིན། དེ་ཡང་དོན་བརྗོད་རང་བཞིན་གྱི་རྩོམ་ཡིག་འདི་འདྲའི་སྐབས་སུ་སློབ་ཚན་ཐེངས་འགར་བཀླག་རྗེས་ནང་དོན་རགས་ཙམ་བསྐྱར་བཤད་བྱེད་པའི་ནུས་པ་སྦྱོང་བརྡར་ལྟ་བུ་དང་། སློབ་ཚན་ཁྲོད་ཀྱི་མི་སྣ་དང་དོན་དག་ལ་རང་གི་ལྟ་ཚུལ་དང་དྲན་ཚུལ་བརྗོད་ནས་དགེ་རྒན་དང་སློབ་གྲོགས་བར་བསམ་བློ་བརྗེ་རེས་བྱེད་པའི་ནུས་པ་སྦྱོང་བརྡར་སོགས་འདུས་ལ། དེ་ཡང་གནས་ལུགས་ལྡན་ལ་མགོ་རྔ་ཚང་བ། གོ་རིམ་ལྡན་པ། ཁ་གསལ་བ་ཞིག་ཡོང་རྒྱུའི་ཐད་ལ་འབད་རྒྱུ་ནི་གལ་ཆེའོ། 
༢ འབྲི་བའི་ནུས་པ་སྦྱོང་བརྡར།
སློབ་ཚན་གྱི་ནང་དོན་ལ་གོ་བ་རགས་ཙམ་བླངས་རྗེས། རྩོམ་པ་པོས་ནང་དོན་གང་ཞིག་མཚོན་པར་སྐད་ཆ་ཅི་ཞིག་བཀོལ་ཡོད་པ་དང་། དེ་ལྟར་བཀོལ་ནས་ནུས་པ་ཇི་འདྲ་ཞིག་ཐོན་པར་དབྱེ་ཞིབ་བྱེད་ཐུབ་ཚེ་རབ་རེད། འདི་ནི་གཙོ་བོར་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་གི་དགོས་མཁོར་དམིགས་པ་ཡིན་པས་སྐད་ཡིག་གི་དམིགས་ཚད་མཐོ་ཤོས་ཀྱང་ཡིན། དམིགས་ཚད་འདི་ཡོངས་འགྲུབ་བྱ་ཐུབ་ཚེ་སྐད་ཡིག་སློབ་ཁྲིད་དེ་ལེགས་པོར་འཁྱོངས་པ་ཡིན། དེ་ལྟ་ནའང་དེང་སྐབས་ཚང་མས་མཐོ་ཤོས་ལ་བསྙེགས་ནས་དམའ་རིམ་གྱི་རྨང་གཞིའི་ཤེས་བྱ་དང་རྩལ་ནུས་སྦྱོང་བརྡར་ལ་དེ་འདྲའི་དོ་སྣང་མི་བྱེད་པས། སློབ་མ་རྣམས་སྐད་ཡིག་གི་བྱང་ཚད་དམའ་བ་ཆགས་པ་རེད་ལ། སློབ་ཐུན་སྔོན་མ་དག་གི་དམིགས་ཚད་མ་འགྲུབ་པར་རྗེས་མ་འདི་ལ་མཐོ་བརྙབ་བྱས་པ་ཡིན་ན་མཇུག་འབྲས་ནི་སྟོང་བ་ཁོ་ན་ཡིན་པས། རྨང་གཞི་གདིང་རྒྱུ་དང་རྒྱུ་འབྲས་ཀྱི་ཆོས་ཉིད་ལྟར་འགྲོ་རྒྱུ་ནི་ཧ་ཅང་གིས་གལ་ཆེའོ། 
གསུམ། མི་ཚུལ་བསམ་བློ་ཡི་སློབ་གསོ།
སློབ་ཚན་གྱི་ནང་དོན་དབྱེ་ཞིབ་འདི་ལ་བཤད་དང་འབྲི་ཡི་ནུས་པ་སྦྱོང་བརྡར་གྱི་ཕན་ནས་ནང་དོན་གལ་ཆེན་གཞན་ཞིག་ཡོད་པ་ནི། མི་ཚུལ་བསམ་བློ་ཡི་སློབ་གསོ་འདི་རེད། དེ་ཡང་གསལ་བོར་བཤད་ན་ཅི་བཅའ་སྟངས་ཀྱི་སློབ་གསོ་རེད། དེ་རིང་གི་སློབ་ཚན་འདི་ལྟ་བུ་ལ་མཚོན་ནའང་འདི་འདྲའི་བསམ་བློ་སློབ་གསོ་ཡི་རིན་ཐང་ཆེན་པོ་ཞིག་ཡོད་ལ། འདི་གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་ནས་སློབ་མའི་རྒྱུད་ལ་སིམ་པར་བྱེད་དགོས་པས་མི་ཚད། སློབ་ཚན་འདིའི་གཙོ་གནད་ཀྱི་ཚིག་སྟེ། སྤྱང་པོའི་ཕ་རྒན་གྱི་སྐད་ཆ། ཧ་ཅང་སྤྱང་པོའང་མཁས་པ་མིན། །ཧ་ཅང་བླུན་པོའང་བླུན་པོ་མིན། །ཧ་ཅང་སྤྱང་པོ་མཁས་ཡིན་ན། །ཕ་རྒན་དུ་བས་གསོད་བྱེད་དམ། །ཞེས་པ་འདིའི་སྟེང་ནས་གོ་བ་བླངས་ན་ཧ་ཅང་འགྲིག་གི་འདོད། འདི་ལས་མི་སྤྱང་པོ་ཡིན་དགོས་མོད་སྤྱང་བ་ཐལ་ཆེ་བར་བྱ་མི་ཉན་པ་བསྟན་ཡོད་པའི་ཞོར་དུ། དྲང་བོ་མི་ཆོས་ཀྱི་རྩ་བ་ཡིན་མོད་དྲང་ཐལ་ཆེ་བར་བྱས་ནའང་གཞན་གྱི་གཡོ་འོག་ཏུ་ཚུད་སླ་བའི་གནས་ལུགས་དེ་བསྟན་འདུག་པས། རྗེས་ཕྱོགས་སློབ་མ་ཚོ་མི་ཚེའི་ལམ་ཁ་ནས་འདི་འདྲའི་གནད་དོན་ལ་འཕྲད་ན་ལེགས་ཉེས་བླང་དོར་གྱི་གདམ་ཀ་ལ་ཇི་ལྟར་འཇུག་ཚུལ་གྱི་ཐབས་སྟོན་རྒྱུ་ནི་སྐད་ཡིག་དགེ་རྒན་གྱི་འགན་འཁྲི་གཡོལ་དུ་མེད་པ་ཞིག་རེད་འདོད་དོ། །
དེས་ན་བདག་གིས་སྟབས་བདེ་ཡི་ཚུལ་དུ། གཞུང་ལུགས་དང་མ་བསྟུན་པར་རྩོམ་དཔེ་གཅིག་གི་སྟེང་ནས་སློབ་ཆུང་སྐད་ཡིག་ལ་འདི་ལྟར་འགྲེལ་བཤད་སྟབས་བདེ་རེ་བྱས་པ་ཡིན་པས། དོན་དང་མ་འབྱོར་ས་ཡོད་ན་དགེ་རྒན་དག་གིས་བསམ་ཚུལ་འདོན་པར་རེ་བ་སྙིང་ནས་ཞུས་པ་ཡིན། ཐུགས་རྗེ་ཆེ།

༢༠༡༥ལོའི་ཟླ༡༡ཚེས༡༥ཉིན།
༼གཅན་ཚའི་དོ་རྒྱ་སློབ་ཁུལ་གྱི་དགེ་རྒན་རྣམས་ལ་སྙན་ཞུའི་ཚུལ་དུ༽

 

རྩོམ་སྒྲིག་པ། (Test)