དབུ་ཤོག >> དཔལ་འབྱོར་འཚོ་བ། >> འབྱོར་ཕྱུག་གཏམ་རྒྱུད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་གྲོང་གི་ནུས་རྒྱུ་གསར་པ་འཛུགས་སྐྲུན་བྱས་ནས་དུད་ཚང་ཁྲི་སྟོང་ལ་ཕན་པ་ཐོབ་པ།
རྩོམ་པ་པོ། སྒྲོལ་མ་གཡང་མཚོ། དུས་ཚོད། 2017-04-24 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 207

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། (གསར་འགོད་པ། སྒྲོལ་མ་གཡང་མཚོ།)ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་གྲོང་གི་ནུས་རྒྱུ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་གྲོང་གི་ནུས་རྒྱུ་འཛུགས་སྐྲུན་དེ་མིག་སྔའི་གཙོ་གནད་ལས་དོན་དུ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་བྱས་པ་དང་ཧུར་ཐག་གིས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་པ། ཞིང་ལས་དང་། མ་འཇོག  ཚན་རྩལ་སོགས་ཐད་ཀྱི་མ་དངུལ་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་གྲོང་གི་རྫབ་རླངས་འཛུགས་སྐྲུན་དོ་དམ་དང་བཀོལ་སྤྱོད་ཀྱི་བདེ་འཇགས་ལག་དེབ་སྤྲད་པ་དང་། བདེ་འཇགས་ཀྱི་པར་རིས་དང་དཔྱད་གཞིའི་པར་རིས་སྦྱར་བ། བདེ་འཇགས་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་ལས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་བདེ་འཇགས་ཀྱི་བཀོལ་སྤྱོད་ཤེས་བྱ་ཁྱབ་གདལ་བཏང་བ་དང་ནུས་པ་གསར་པའི་སྤྱོད་རྒྱ་ཆེ་རུ་བཏང་བ་རེད།
    གྲོང་ཁྱེར་དེས་རྣམ་གྲངས་དམ་འཛིན་བྱེད་སར་བྱས་ཏེ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ལག་རྩལ་ཚད་ལྡན་ཅན་དང་བཀོལ་སྤྱོད་ཚད་ལྡན་ཅན་གྱི་ལག་བསྟར་ཤུགས་ཆེན་བྱས་ཡོད། སྣོད་བཅུད་འཁོར་རྒྱུག་གི་ཞིང་ལས་ལག་རྩལ་དང་རྣམ་པ་ཁྱབ་གདལ་བཏང་སྟེ་རྫབ་རླངས་དང་སོག་མས་འབྲེལ་ཐག་བྱེད་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙེགས་སོགས་ཞིང་ལས་བེད་མེད་ཟོག་རོའི་ཐོན་ཁུངས་ཀྱི་ལམ་སྲོལ་བཟང་པོ་ཐོག་མར་བཙུགས་ནས་གྲོང་གསེབ་ཀྱི་རྫབ་རླངས་ལེགས་བསྡུས་ཅན་དང་། སོག་མའི་བེད་སྤྱོད་ཐོན་ལས་ཅན། ཞབས་ཞུའི་རྣམ་པ་སྣ་མང་ཅན། རྟེན་གཞིའི་འཛུགས་སྐྲུན་ཚད་ལྡན་ཅན། ཐོན་སྐྱེད་ཁོར་ཡུག་ཁམས་གཙང་ཅན། ཞིང་ལས་ཐོན་རྫས་གནོད་མེད་ཅན། དཔེ་སྟོན་རྟེན་གཞི་མཛེས་ལྗོངས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པས་ཞིང་ལས་ཀྱི་ཕན་འཕར་དང་ཞིང་པའི་ཡོང་སྤར་མངོན་འགྱུར་བྱུང་བ་རེད།
    བསྡོམས་རྩིས་བྱས་པར་ལྟར་ན། 2015ལོར་གྲོང་ཁྱེར་ཡོངས་ཀྱིས་རྫབ་རླངས་རྫིང་བུ་997(བསྐྱར་སྐྲུན་བྱས་པའི་རྫིང་བུ་རྙིང་པ་100ཚུད་པ)ལེགས་གྲུབ་བྱུང་སྟེ་མ་དངུལ་སྒོར་ཁྲི་189.4བཏང་བ་དང་། ཉི་ནུས་ཆུ་སྐོལ་འཕྲུལ་ཆས་ཆ་ཚང་1099བཙུགས་པར་མ་དངུལ་སྒོར་ཁྲི་74.9བཏང་བ། རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་བརྟན་གཏོང་དང་ཆེད་དོན་ཉི་ནུས་ཆུ་སྐོལ་འཕྲུལ་ཆས་ཆ་ཚང་350བཙུགས་ཏེ་མ་དངུལ་ཁ་གསབ་སྒོར་ཁྲི་35བྱས་པ། མེ་ཤིང་གྲོན་ཆུང་ཐབ་800ལེགས་གྲུབ་བྱུང་སྟེ་མ་དངུལ་སྒོར་ཁྲི་16བཏང་བ།  ཞིང་གྲོང་ནུས་རྒྱུའི་གྲོང་ཚོ་རིམ་པའི་ཞབས་ཞུའི་དྲ་གནས་1བཙུགས་ཏེ་མ་དངུལ་སྒོར་ཁྲི་5ཁ་གསབ་བྱས་པ། གྲོང་གསེབ་ནུས་རྒྱུའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་ཁྲི་800.4མང་དུ་བཏང་བ།དེའི་ནང་ཞིང་ཆེན་རིམ་པས་སྒོར་ཁྲི་322.3ཁ་གསབ་བྱས་པ་དང་སྡེ་ཚན་སྡེབ་སྒྲིག་དང་དེ་བཞིན་ཞིང་དུད་ཀྱིས་ངལ་ནུས་དངུལ་ལ་ཕབ་སྒོར་ཁྲི་478.1ཟིན་ཡོད།


རྩོམ་སྒྲིག་པ། (གཡང་མཚོ།)