འཆི་མེད་རྡོ་རྗེ་2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ་ཡི་གྲས་སུ་བདམས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-03 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 298


      མི་དམངས་དྲ་བའི་འཕྲིན།ཟླ་4ཚེས་25ཉིན།འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་མཉམ་དུ་གཉེར་བའི"2016ལོའི་ལོ་འཁོར་གྱི་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"འོས་སྦྱོར་དཔྱད་འདེམས་བྱེད་སྒོ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད།ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སིའི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་དོས་སྐྱེལ་ཁ་ལོ་བ་ཚོགས་པའི་ཚོགས་གཙོ་འཆི་མེད་རྡོ་རྗེ་མིང་ཐོའི་ནང་བདམས་ཐོན་བྱུང་ཡོད་ལ།ཁོང་ནི་ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཀུང་སི་དང་།སི་ཁྲོན་ཞིང་ཆེན་གྱི་མིང་ཐོའི་འོས་མིར་བདམས་ཐོན་བྱུང་བ་གཅིག་པུ་ཡིན་པ་རེད།

      "2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"ཡི་འོས་སྦྱོར་དཔྱད་འདེམས་བྱེད་སྒོ་ནི་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གཞི་རིམ་ལས་བྱེད་དང་།སྒེར་པ། ཚོགས་པ་བཅས་ལ་ཁ་ཕྱོགས་ཡོད་ལ། དེའི་ནང་གཞུང་ལམ་དང་། ཆུ་ལམ། སྐྱེལ་འདྲེན། ལྕགས་ལམ།དམངས་སྤྱོད་མཁའ་འགྲུལ། སྦྲག་སྲིད་སོགས་ཀྱི་ཁྱབ་ཁོངས་འདུས་ཡོད། འཆི་མེད་རྡོ་རྗེ་སོགས་པའི་མི་བཅུ་ནི་ཐོག་མའི་དཔྱད་འདེམས་དང་།དྲ་ཐོག་ནས་འདེམས་ཤོག་འཕེན་པ།མཐའ་མཇུག་གི་དཔྱད་འདེམས་བཅས་ཀྱི་དཔྱད་འདེམས་རབ་དང་རིམ་པ་བརྒྱུད་རྗེས་དཔྱད་འདེམས་ཀྱི་འོས་མི་མང་པོ་ཞིག་གི་ཁྲོད་ནས་ཐོན་ཏེ།"2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"ནང་བདམས་ཐོན་བྱུང་བ་ཞིག་རེད།

      "དེ་རིང་།ང་ཧ་ཅང་དགའ་པོ་བྱུང་།"སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་སྦྲག་སྲིད་དོས་སྐྱེལ་རླངས་འཁོར་བཏང་ནས་ལོ་28ཕྱིན་པའི་འཆི་མེད་རྡོ་རྗེའི་མིག་ཟུང་ནས་ཆུ་ཞག་འཁོར་བཞིན་དུ།ཁོང་གིས་གཟི་བརྗིད་འདི་ནི་ང་རང་གཅིག་པུར་དབང་བ་མ་ཡིན་པར།འདི་ནི་མཐོ་སྒང་འདིའི་སྦྲག་སྲིད་དོས་སྐྱེལ་ལམ་ཐོག་གི་སྦྲག་སྲིད་པ་མི་རབས་འགའ་ཞིག་ལ་མངའ་བ་ཡིན་ཞེས་བརྗོད་པ་རེད།

    འཆི་མེད་རྡོ་རྗེས་བརྗོད་པའི་གངས་ཐིག་སྦྲག་སྲིད་ལམ་བུ་ནི་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་སྦྲག་སྲིད་ལམ་བུ་སྟེ་ཁྲོན་བོད་སྦྲག་སྲིད་ལམ་གྱི་དཀར་མཛེས་ལམ་དུམ་ཡིན་པ་རེད།ལམ་འདི་ནི་དཀར་མཛེས་ཁུལ་གྱི་དར་རྩེ་མདོ་ནས་རྡོག་ཐོན་ཏེ་རྒྱུ་ལ་རི་བོ་དང་།དམུ་རྗེ་ཉག་ག ཧོར་ཁོག་སྒང་། ཁྲོ་ལ་སོགས་བརྒྱུད་རྗེས་ཁྲོན་བོད་སྦྲག་སྲིད་ལམ་དུམ་གྱི་མཐར་མཇུག་འབབ་ཚུགས་སྡེ་དགེ་རྫོང་དུ་འབྱོར་ཞིང་།ལམ་ཐག་ཡོངས་ལ་སྤྱི་ལེ་604ཡོད་པ་རེད།ལམ་རྒྱུད་འདིའི་ས་གཤིས་ཧ་ཅང་ཞན་ལ།གནམ་གཤིས་འགྱུར་ལྡོག་ཆེ་བ།ས་བབ་ཀྱི་མཐོ་ཚད་ཆ་སྙོམས་ལ་སྨི་3500ཡན་ཡོད་པ་རེད།1954ལོའི་ཟླ་12པར་ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་པ་ནས་ད་ལྟ་བར་དུ།ལོ་ངོ་63ཟིན་ཡོད་ལ།བོད་ལྗོངས་དང་སི་ཁྲོན་སོགས་ཀྱི་ས་ཆ་སྦྲེལ་བའི་སྦྲག་སྲིད་འཕྲིན་གཏོང་གི་ལམ་གཙོ་བོ་ཞིག་ཏུ་གྱུར་པ་ཡོད།

   ལོ་28རིང་ལ།འཆི་མེད་རྡོ་རྗེ་ནི་ཟླ་རེར"ཁྲོན་བོད་གཞུང་ལམ་འཕྲང་འགག་དང་པོ"རུ་ཐེངས་20ཡན་རེ་སྐྱོད་དགོས་ཤིང་།ས་བབ་མཐོ་ཚད་ལ་སྨི་6168ཡོད་པའི་སྡེ་དགེ་ཁྲོ་ལ་བརྒྱུད་དུས་ནི་གཤིན་རྗེ་འཕྲེང་ལམ་ནས་རྒྱུ་བ་དང་གཅིག་མཚུངས་རེད།ཁོང་གིས་བྱང་ཚད་ལྡན་པའི་ཁ་ལོའི་ལག་རྩལ་ལ་བརྟེན་ནས་དཀའ་ངལ་ཡོད་ཚད་སེལ་ཡོད་ལ།འགན་འཁྲིའི་དོན་རྐྱེན་གཅིག་ཀྱང་བྱུང་མེད་པ་རེད།ཁོང་གིས་ཚེ་སྲོག་ལ་བརྟེན་ནས་ཁྲོན་བོད་སྦྲག་ལམ་ཤར་སྐྱོད་ལམ་ལྷོངས་བྱས་ཡོད་ལ།ཀྲུང་གོའི་སྦྲག་སྲིད་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་སྤྱི་ཚོགས་ལ་འགན་ཁུར་བའི་འོས་འགན་ཕྲག་ཏུ་འཁུར་བཞིན་ཡོད།

   ཤེས་རྟོགས་བྱུང་གསལ་དུ།"2016ལོའི་ལོ་འཁོར་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ"ཡི་འོས་སྦྱོར་དཔྱད་འདེམས་བྱེད་སྒོ་འདི་ནི་2013ལོ་ནས་བཟུང་སྤེལ་འགོ་ཚུགས་ཤིང་། ད་ལྟ་བར་དུ་ཐེངས་བཞི་སྤེལ་བ་རེད།