དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
བོད་ཀྱི་མིའི་གྱོན་ཆས་བྱུང་རིམ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-05-11 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 1305

            འགྲོ་བ་མིའི་ལུས་སུ་གྲུབ་པ་ནས་བཟའ་བཏུང་གོས་གསུམ་དང་འགྲོ་འདུག་སྤྱོད་གསུམ་ནི།མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཡིན། འགྲོ་བ་མིའི་བརྟེན་གཞིར་གྱུར་པའི་ས་སྒང་ཧྲིལ་པོ་འདིའི་ངོས་ལ། དོན་ལྔ་སྣོད་དྲུག་ཚང་བའི་སྲོག་ཆགས་ཚོའི་ཚེ་སྲོག་གང་ལ་བརྟེན་པའི་གཟུགས་པོའི་རྣམ་གྲངས་འདྲ་མིན་ཆུ་ལ་བརྟེན་ནས་མགོ་ཚུགས་ཏེ། མི་ལོ་ས་ཡ་བཞིའི་ཡར་ཐོག་ན་ཆུའི་སྲོག་ཆགས་ཆུང་ཆུང་ནས་ཆེན་པོ། འཇོང་འཇོང་ནས་ནར་ནར། ཆུ་ནས་སྐམ་ལ་ཐོན། སྐམ་ས་སླེབ་རྗེས་ནུར་འགྲོ་ནས་གོག་འགྲོས། གོག་འགྲོ་ནས་ལངས་འགྲོ། ལངས་འགྲོ་ནས་མཆོང་འགྲོ། མཆོང་འགྲོ་ནས་འཕུར་འགྲོའི་བར་གྱི་བརྒྱུད་རིམ་དུ་མ་ལྡན་པའི་སྲོག་ཆགས།དབྱིབས་དང་ཁ་དོག་རིགས་སྣ་ཚོགས་པ་མདོག་དང་བཟོ་དབྱིབས་ཁྱད་པར་མི་འདྲ་བ་བརྒྱ་ཕྲག་དུ་མ་བྱུང་བའི་ཁྲོད་ནས་འགྲོ་བ་མི་ཡང་དེ་དག་གི་བྱེ་བྲག་ཅིག་ཡིན།བསྐལ་པ་ཡར་ཐོག་གི་སྐབས་འགྲོ་བ་མིའི་རིགས་སུ་གཏོགས་པ་འདི་དག་ཀྱང་རི་སྐྱེས་སྲོག་ཆགས་བྱེ་བྲག་པ་ཞིག་ཡིན་པས། ལུས་ལ་སྤུ་ཡི་གོས་དང་ཁ་ལ་ཤིང་ལོའི་ཟས་ཀྱིས་འཚོ། རི་དྭགས་བྱེ་བྲག་པ་འདིས་རིགས་ཀྱི་དཔུང་སྒྲིག གཞན་ལ་རྒོལ་ནས་ཤ་ཁྲག་ཟས་སུ་སྤྱོད། དམར་པོའི་མེ་ལ་བརྟེན་པ་ནས་ལུས་ཀྱི་སྤུ་བྱི།འགྲོ་བ་མིའི་རིགས་སུ་གཏོགས་པ་ཚོས་ལུས་ལ་གོན་ཆས་དགོས་པའི་རྟེན་འབྲེལ་གྱི་དབུ་ཁྱུད་འབྲི་ས་འདི་ནས་ཡིན།སྐབས་དེའི་སྤྱི་ཚོགས་གནས་བབ་ལ་གཞིགས་ནས་རི་དྭགས་ཀྱི་པགས་རིགས་འདྲ་མིན་ལུལ་ལ་གང་བྱུང་དུ་གོན་རྒྱུའི་བསམ་བློ་གསར་པ་དེ་ཁོར་ཡུག་དང་གནམ་གཤིས་ཀྱིས་འགྲོ་བ་མིའི་ལུས་ཀྱི་ལེགས་སྐྱེས་སུ་གནང་བའི་མགོ་འཛུགས་བྱས།མགོ་མཇུག་དང་གོ་རིམ་མེད་པའི་པགས་རིགས་ལེབ་གྱོན་གྱི་རྒྱུན་སྲོལ་དེ་ལུས་ལ་དེ་ཙམ་འཚམ་པོ་མེད་པའི་གནས་ལུགས་ཇེ་གསལ་དུ་སོང་བ་དང་སྐབས་བསྟུན་ནས།སྟོད་སྨད་བར་དུ་སྐེད་རགས་དང་དཔུང་པ་རྒྱུས་པའི་ཕུད་དོང་གི་བཟོ་དབྱིབས་བཏོད། འདི་ནི་བོད་པ་ཙམ་མིན་པ། སྤྲ་སྤྲེལ་མི་རྒོད་ཅི་རིགས་པ་འགྲོ་བ་མིའི་རིགས་སུ་གྱུར་པའི་རྒྱུད་རིམ་ནང་ཆ་འདྲའི་ལོ་རྒྱུས་ཀྱི་སྤྱི་ཁོག་གཅིག་པ་ཡིན། འགྲོ་བ་མིའི་འཕེལ་རིམ་དང་འགྲོགས་ནས་ཡོ་བྱད་དང་མཁོ་ཆས། ཕ་ས་དང་མ་རིས། ས་མཚམས་དང་ཆུ་མཚམས་བཅས་ཀྱི་རྩོད་རྙོག་ཆུ་འབུར་བཞིན་བརྡོལ་ཞིང༌།མེ་རི་བཞིན་འགད་པའི་དུས་རབས་ནང་། ཤིང་མདུང་དང༌། རྡོ་སྟར། ཐག་ཞགས་དང་། རྡོ་ལོག་གི་མཚོན་ཆས་འདོད་པ་ལ་ཁེངས་ནས། ལྕགས་མདུང་དང་ལྕགས་གྲི། སྟ་རེ་དང༌ལྕགས་མདའ་ཡིས། འགྲོ་བ་མིའི་ཚེ་སྲོག་ལ་རྫོགས་ཚིག་བཏབ་པའི་གཡུལ་ས་ནས་ཚེ་སྲོག་འགེབས་སྲུང་བྱེད་པའི་གོན་ཆས་གསར་པ་ཞིག་མཁོ་སྒྲུབ་བྱས་པ་དེ་ལ་ཁྲབ་རྨོག་ཟེར། ལྕགས་དུམ་ལྷུམ་བསྒྲིགས་བྱས་པའི་ཁྲབ་དང་། ལྕགས་ལེབ་འཇོང་རྡུང་བྱས་པའི་རྨོག་ལ་ཚེ་སྲོག་གི་གབ་ཁུངས་བཅོལ་པའི་དུས་རབས་ནང་།ཁྲབ་ཀྱིས་གོས་ཚབ་དང་རྨོག་གིས་ཞྭ་ཚབ་བྱས།དེ་ནི་བོད་པ་ཙམ་མིན་པར་འཛམ་གླིང་ཤར་ནུབ་ཀྱི་འགྲོ་བ་མི་རིགས་ཀུན་ལ་ཁྱབ་པའི་གོན་ཆས་ཡ་མཚན་ཅན་གྱི་དུས་རབས་ཡིན། ངོ་ཚ་དང་གྲང་ལྷགས་སྐྱོབ་པའི་གྱོན་ཆས་ཐོག དགྲ་བོའི་མཚོན་ཁ་ནས་ཚེ་སྲོག་སྐྱོབ་ཆེད་ལྕགས་གོས་གོན་པས་མ་ཚིམ་པ།གཉེན་གྱི་མིག་སྔར་ནས་ཡིད་དབང་འགུག་པའི་རྒྱན་ཆའི་བཟོ་བཀོད་ཀྱང་དུས་རབས་ཀྱི་འཕེལ་རིམ་དང་འགྲོགས་ནས་ཁ་བའི་ཞིང་ཁམས་སུ་ཁ་བ་ནང་བཞིན་འབབ་མགོ་ཚུགས། མགོ་རྒྱན་དང་སྐེ་རྒྱན། དཔུང་རྒྱན་དང་སོར་གདུབ། རྐེད་འཆིང་དང་གློ་ཐོགས།གསེར་དངུལ་ཟངས་ལྕགས་དང༌།གཡུ་བྱུར་གཟི་གསུམ།མདོར་ན་ལྕགས་དང་རྡོའི་བྱེ་བྲག་དབྱིབས་དང་ཁ་དོག་དམིགས་བསལ་བ་མང་པོ་རྒྱན་ཆར་བཀོལ་ནས།ནགས་གསེབ་ཀྱི་འབུ་ཁྲ་དང་རྒྱ་མཚོའི་ཉ་རིགས་དམིགས་པ་ནང་བཞིན།ལྟ་ན་མིག་སྦྲིད་ཅིང༌།བསམ་ན་ཡ་མཚན་པའི་ཆ་བྱད་འཆང་པའི་དུས་རབས་ཀྱང་བོད་རིགས་གཙོས་པའི་འགྲོ་བ་ཧྲིལ་པོ་འདིར་འཆར་མྱོང༌།ད་དུང་སྲབ་མཐུག་འཇམ་རྩིབ་ཀྱི་རེག་བྱ་དང༌།དཀར་སེར་དམར་ལྗང་གི་ཚོན་མདངས།རིང་ཐུང་ཕྲ་སྦོམ་གྱི་བཟོ་དབྱིབས།བལ་རས་འགྱིག་གསུམ་གྱི་རྒྱུ་ཆ།ཅི་དགོས་དགོས་དང་གང་འདོད་འདོད་ཡོད་བཞིན་དུ།གཅན་གཟན་སྟག་གཟིག་གི་པགས་པ་དང༌། རི་དྭགས་ཝ་སྲམ་གྱི་སྤུ་རིས། རྒྱུ་ངོམས་ཕྱུག་ངོམས་ཀྱི་ལག་ཆར་རྩིས་ནས། རི་ཆུ་ནགས་གསུམ་ལ་གནས་པའི་སྲོག་ཆགས་ཆེ་ཆུང་དུ་མའི་ཚེ་སྲོག་ལ་རྩེད་མོ་བརྩེས།འགྲོ་བ་མི་དང་ནང་པའི་རིགས་གཏོགས་ཚོའི་ལུས་ཀྱི་མཛེས་ཆས་དང་མིང་གི་སྙན་ཆས་ལ་སྤྱད་པའི་དུས་རབས་ཀྱང་ཚེས་མྱོང༌། སྟོང་ལོ་གཉིས་པའི་ལོ་རབས་བཅུ་པ་ནས་མགོ་བཙུགས་ཏེ། འཚེ་བ་ཅན་གྱི་གྱོན་ཆས་དང་། འགྲོ་གྲོན་ཆེ་བའི་རྒྱན་ཆའི་རིགས་རྣམས།སྟེགས་བརྩེགས་དང་བསྡུ་གསོག་རྒྱག་པའི་མགོ་འཛུགས་བྱས།དུས་དེ་ནས་འཛམ་གླིང་ཧྲིལ་པོའི་གྱོན་ཆས་ལྡིང་ཆའི་སྟེང༌།པགས་རིགས་དང་རྡོ་རིགས་ཀྱི་འཛར་འཛོར་ཀུན་རྩྭ་སྙོག་བཞིན་བསྡུས།གད་སྙིགས་བཞིན་འཕྱགས།རང་རེ་སྐྲ་ནག་ནག་དང་སྣ་སྙག་སྙག་ཡིན་པའི་ཁ་བའི་གསེབ་ཀྱི་མི་བུ་ཚོ་ཡང༌།ལོ་རབས་བརྒྱ་ཕྲག་གི་རྨི་ལམ་ལ་རྡོག་ལྕག་གཞུས་ཐེངས་གཅིག་གིས་རྨོངས་གཉིད་ཡོངས་སུ་སད་པ་དང༌། མགོ་ལ་ཁུར་ལྟར་ལྕི་བའི་རྡོ་དང༌། སྐེ་ལ་སྦྲུལ་ལྟར་འཁྱིལ་བའི་ལྕགས།ལུས་ལ་ཤིང་ལྟར་གྱོང་པའི་པགས་པ་ཚོ་གད་སྒམ་དང་མེ་དོང་དུ་གཡུག་པའི་མཛད་སྒོ་ཚུགས། ད་ནི་ང་ཚོ་ལ་དགོས་པའི་གྱོན་ཆས་དེ་གནའ་རབས་ཀྱི་གཞི་མ་བརླག་པ། དུས་རབས་ཀྱི་རྗེས་མ་ལུས་པ། གོང་གི་ཚད་རན་པ། རྒྱུ་ཆའི་སྤུས་དག་པ། མིག་ལ་མཛེས་པའི་ཚོན་བཀྲ་པ། ལུས་ལ་བདེ་བའི་ཚད་རན་པ། སེམས་ལ་འདོད་པའི་གདེང་འཁེང་བ།རིང་མི་དྲགས་པ། ཐུང་མི་ཆེ་བ། མཐུག་མི་དྲགས་པ། སྲབ་མི་ཆེ་བ། མགོ་ནག་ནག་ལ་འཚམས་པ། སྣ་སྙག་སྙག་ལ་རན་པ། ཕྱུག་པོས་གྱོན་ལོ་བ། སྐྱོ་བོས་ཉོ་ཐུབ་པ། མགོ་ལ་འཚམ་པའི་ཞྭ། ཁ་ལ་དཔག་པའི་སོ། ཕོ་ཁྱོ་གས་གོན་ན་རྫིགས་ཉམས་དོད་པ། སྨན་བུ་མོ་ལུས་ལ་མཛེས་ཉམས་གསོ་བ། ཕོ་ལ་འཚམ་པའི་གོས། མོ་ལ་རན་པའི་རྒྱན། དུས་དང་འཚམ་པའི་རྒྱུ། ལུགས་དང་མཐུན་པའི་དབྱིབས། མདོར་ན་འགྲོ་བ་མིའི་ཁྲོད་ནས་མགོ་སེར་སེར་དང་མིག་སྔོ་སྔོ།སྣ་འབིགས་འབིགས་ཡིན་པའི་རིགས་ལས་ཟུར་དུ་བཀར་བའི་སྐྲ་ནག་ནག་དང་སྣ་སྙག་སྙག་ཡིན་པའི་འཛམ་གླིང་ཤར་ཕྱོགས་པའི་ཁྲོད་ནས་ཀྱང༌། སྐེ་དང་རྐེད་པ་ཐུང༌།ཉྭ་དང་སྒྱིངས་པ་སྦོམ་པའི་བོད་མི་རིགས་འདིར་འཚམས་པའི་གྱོན་ཆས་ཀྱི་དཔེ་མཚོན་ཞིག་དགོས་ན།ད་ལྟའི་ཆར་གྱོན་ཆས་འདི་ཚོ་ལས་རན་པ་དང་འཚམས་པ་ཞིག་གང་ནས་འཚོལ་ནའང་རྙེད་རྒྱུ་མེད་པ་ཞིག་རེད་ལ།འདི་ནི་དེང་རབས་དང་འཚམས་པའི་བོད་མིའི་གྱོན་ཆས་གསར་པའི་དབུ་ཁྱུད་ཆེན་པོ་ཞིག་ཡིན། དབུ་ཁྱུད་འདི་དམག་དཔུང་མེད་པའི་དམག་དཔོན་ནང་བཞིན་གཅིག་པོར་ལུས་ན། ཆེས་མི་མཛའ་བས་ཡར་རྒྱས་ཀྱི་གོམ་སྟེགས་འདིར་འཚང་ཀ་ཤིག་ཤིག་དང་བྲེལ་བ་འཚུབ་འཚུབ་ཀྱིས་འཛེགས་དགོས་པ་ཡང་ཁ་བའི་འཇིག་རྟེན་ལ་དུངས་པའི་མི་བུ་ཡོངས་ཀྱི་འགན་དུ་འཁྲི་བ་ཞིག་རེད།།

 

རྩོམ་སྒྲིག་པ། (པདྨ།)