དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་རིག་གནས།
སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་རགས་ཙམ་གླེང་བ།
རྩོམ་པ་པོ། དཔའ་ཆེན་རྒྱལ། དུས་ཚོད། 2017-05-26 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 235

      དཔྱད་རྩོམ་འདིའི་ནང་དུ་སྐུ་འབུམ་བྱམས་པ་གླིང་གཞིར་བཟུང་ནསདེའི་ནང་གི་མེ་ཏོག་མཆོད་པ་ངོ་སྤྲོད་མདོར་བསྡུས་བྱས་ཡོད་དེ།འདི་ལྟར་འབྲི་བའི་དགོས་པ་ནི་མི་རྣམས་ཀྱིས་མེ་ཏོག་མཆོད་པར་སྔར་བས་རྒྱུས་ལོན་དང་།དུས་ནམ་ཞིག་ལ་མི་སུ་ཞིག་གིས་གསར་གཏོད་མཛད་པ་དང་།དེ་དར་ཚུལ་དང་།དེའི་སྒྱུ་རྩལ་གྱི་ཁྱད་ཆོས།དེ་མིན་དེའི་བརྗོད་བྱའི་སྙིང་བོ་དང་ད་ལྟའི་གནས་བབ་སོགས་རགས་ཙམ་བརྗོད་ཡོད།མཚན་སྙན་འཛམ་གླིང་ལ་ཁྱབ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་སྟེ།མེ་ཏོག་མཆོད་པ་དང་ལྡེབས་རིས།གཙགས་དྲུབ་གསུམ་ལ་བོད་མི་རིགས་རང་གི་བསམ་བློ་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད།སྒྱུ་རྩལ་གྱི་ཆུ་ཚད་མཐོ་བ་དང་ཐུན་མོང་མ་ཡིན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ཀྱང་ལྡན།ད་དུང་རྒྱ་ཁྱོད་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པ།ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་ཀྱང་ལྡན་པས།བོད་མི་རིགས་རང་གི་རིག་གནས་སྒྱུ་རྩལ་གྱི་ནོར་བུའི་བང་མཛོད་ཁྲོད་དུ་མཚར་སྡུག་འོད་སྟོང་ལྡན་པའི་རིག་གནས་ཤིག་ཏུ་གྲུབ་ཡོད།

      དང་པོ། མེ་ཏོག་མཆོད་པ་ངོ་སྤྲོད་མདོར་བསྡུས།

      སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཧོར་ཀྲུང་རྫོང་གི་ཁོངས་གཏོགས་སུ་ཡོད་ལ།ཟི་ལིང་ནས་སྐུ་འབུམ་བར་སྤྱི་ལེ་ཉེར་ལྔ་ཡོད།དེར་སྐུ་འབུམ་ཟེར་དོན་ནི་རྗེ་ཙོང་ཁ་བ་ལྟེ་ཁྲག་འཕོས་ས་ནས་ཤིང་ཙན་དན་གྱི་ལྗོན་པ་ཞིག་སྐྱེས་བར་བཤད་ལ།  ལྗོན་པ་དེའི་ལོ་མ་རེ་རེའི་སྟེང་ན་རྒྱལ་བ་སེང་གེ་ང་རོའི་སྐུ་རེ་ཡོད་པས་སྐུ་འབུམ་ཞེས་མིང་དུ་ཐོགས།དགོན་པའི་མཚན་ནི་རྗེ་སྐུ་འབུམ་བྱམས་པ་གླིང་ཞེས་བྱ་སྟེ།དེའི་གོ་དོན་ནི་ཙན་དན་སྡོང་བོའི་ལོ་མ་འབུམ་གྱི་སྟེང་དུ་སྐུ་གཟུགས་འབུམ་རང་བྱོན་དུ་བབས་པའི་དོན་ཏེ།རྒྱའི་སྐད་དུ“ཐཱ་ཨར་སི”ཟེར་བ་ནི་ཐོག་མར་མཆོད་རྟེན་བཞེངས་པ་དང་རྗེས་སུ་དགོན་པའི་མིང་དུ་ཆགས་པ་ཡིན།དགོན་པ་འདི་ནི་སྤྱི་ལོ་༡༥༧༠ལོའི་རྗེ་ཙོང་ཁ་བའི་བཏབ།བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཡིན་པར་གྲགས།དེ་ལས་མཛེས་རྩལ་ཁྱད་དུ་འཕགས་པའི་མེ་ཏོག་མཆོད་པའི་གྲུབ་ཆ་གཙོ་བོ་ནི་མར་ཡིན་ལ།མར་ནི་མདོ་དབུས་མཐོ་སྒང་གི་བོད་མི་རིགས་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་སྟེ་འབྲིའི་འོ་མའི་སྙིང་བཅུད་ལས་བྱུང་བའི་ཟས་རིགས་ཞིག་ཡིན།མེ་ཏོག་མཆོད་པ་བཞེངས་སྐབས་ཐོག་མར་བཟོ་དབྱིབས་ཆེ་ཆུང་ལ་བརྟེན་ནས་ཤིང་རུས་སྣ་ཚོགས་བཟོས་ནས།  མེ་ཏོག་སོགས་ཀྱི་ཡུ་བ་ཤིང་དང་།ལྕགས་སྐུད་བྱས་ཏེ།དེའི་སྟེང་ལ་འབྲི་མར་སྤྱོར་ལེན་བྱེད་བདེ་བ་ཡོང་བའི་ཆེད་དུ་གསོ་མའི་སྐུད་པ་སོགས་དཀྲིས་ཤིང་།འབྲི་མར་ཧ་ཅང་སྲ་མཁྲེགས་ལྡན་པ་ཞིག་ཡོང་ཆེད་གྲོ་རྩྭ་བསྲེགས་པའི་ཐལ་ལ་མར་དང་བསྲེས་།ལས་སྣོན་བྱས་ཚེ་འཇམ་ཞིང་མཉེན་ལ་ལགས་པས་གང་འདོད་ལྟར་བཟོ་སླ་བའི་ཁྱད་ཆོས་ལྡན་པ།ཞལ་རས་དང་ཕྱག་སོགས་བཞེངས་ཚེ་མདངས་ཁྱད་པར་བ་ཞིག་ཐོན་པ་དེས་གཙོ་བྱས།  འབྲི་མར་མང་ཤོས་ཀྱི་ནང་དུ་དུས་ཡུན་རིང་པོར་བཞག་ཀྱང་མདོག་མི་ཡལ་བའི་རྡོ་ཚོན་དམར་པོ་དང་སེར་པོ།སྔོན་པོ།ལྗང་ཁུ་སོགས་ཚོན་མང་པོ་བསྲེས་ནས་བཞེངས་དགོས་བ་ཡིན།གནའ་བོའི་སྟབས་བདེའི་ལག་ཆ་དང་ལག་པ་ཟུང་ལ་བརྟེན་ནས་ཆེས་གསོན་ཉམས་ལྡན་པའི་ལྷ་སྐུ་དང་མི་སྣ།རྩྭ་ཐང་།མེ་ཏོག་། ནོར་ལུག།ལྗོན་ཤིང་།བྱ་བྱེའུ།རི་བྲག།གཅན་གཟན།ལྡིང་ཁང་སོགས་བཞེངས་པའི་མེ་ཏོག་མཆོད་པ་ལའང་རྣམ་པ་མང་ཞིང་རྒྱ་ཆེ་བ་ཞིག་ཡིན།གཞན་མེ་ཏོག་མཆོད་པའི་བརྗོད་བྱའི་ཆ་ནས་བཤད་ན།གཙོ་སྐུ་ལ།སྤྱན་རས་གཟིགས་དང་འཇམ་པའི་དབྱངས།གསང་བདག།རྗེ་བཙུན་བྱམས་པ་སོགས་ལོ་རེ་བཞིན་དུ་རེས་མོས་ཀྱིས་བཞེངས་ཀྱིན་ཡོད་།

      གཉིས་པ། མེ་ཏོག་མཆོད་པ་དར་ཚུལ།

      དེ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་དང་ཆོས་འབྱུང་དག་ལས།ཁྱད་དུ་འཕགས་པའི་སྐུ་འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་གྱི་ཡ་གྱལ་མར་བཟོས་མེ་ཏོག་མཆོད་པ་རང་རེའི་བོད་གངས་ཅན་པའི་ཡུལ་འདིར་དར་ཚུལ་ལ།བོད་རབས་བྱུང་བདུན་པའི་ས་གླང་སྟེ་སྤྱི་ལོ༡༤༠༩ལོར་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་མཆོག་གིས་ལྷ་སའི་སྨོན་ལམ་ཆེན་མོ་གསར་འཛུགས་གནང་རྫེས་ཀྱི་མཚན་མོ་ཞིག་ལ།རྗེ་ཉིད་ཀྱི་རྨི་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་།རྡོ་དང་འཚེར་མ།ནགས་ཚལ་སོགས་ཐམས་ཅད་མེ་ཏོག་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་སུ་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས།ཕྱི་ཉིན་རྗེ་ཉིད་ཀྱིས་འཁོར་རྣམས་ལ་མཚན་གྱི་རྨི་ལམ་དུ་བྱུང་བ་ཇི་བཞིན་གསོལ་མར་གྱིས་བཟོ་བར་བསྐུར་ཏེ།བོད་ཟླ་དང་པོའི་ཚེས་བཅོ་ལྔའི་དགོང་མོར་ལྷ་ལྡན་གཙུག་ལག་ཁང་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ལ་མཆོད་པ་འབུལ་བའི་སྲོལ་བཏོད།དེ་ནས་བཟུང་རང་རེའི་བོད་ཀྱི་དགོན་སྡེ་དག་ལ་མར་བཟོས་མེ་ཏོག་མཆོད་པའི་སྲོལ་དར་བར་གྲགས།

      སྐུ་འབུམ་བྱམས་པ་གླིང་ལ་བོད་རབ་བྱུང་བཅུ་བའི་ཤིང་རྟ་ཕྱི་ལོ་༡༥༩༤ལོར་ཟི་ན་བླ་མ་རྣམ་རྒྱལ་དཔལ་འབྱོར་རྒྱལ་མཚན་རིན་ཆེན་ཁུ་དབོན་རྣམ་གཉིས་ཀྱིས་རྗེ་གསེར་སྡོང་ཆེན་མོའི་མདུན་གྱི་དགོན་ཁང་ཆེན་མོ་གསར་བཞེངས་ལེགས་འགྲུབ་ཀྱི་རབ་གནས་གནང་རྗེས།བོད་ཟླ་དང་པོའི་ཚེས་བཅོ་ལྔའི་དགོང་མོར་མེ་ཏོག་མཆོད་པ་འབུལ་བའི་སྲོལ་ཕྱེས།ལོ་དེ་ནས་བཟུང་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་ལོ་རེ་བཞིན་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ནས་བཟུང་མེ་ཏོག་མཆོད་པ་ལས་མགོ་བརྩམས་ཏེ།ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་བར་ཕལ་ཆེར་ཟླ་གསུམ་ལྷག་གི་རིང་མཐོ་ཚད་བར་བརྩེགས་གསུམ་ལྷག་ཡོད་པ།དཀྱིལ་དུ་གཙོ་སྐུ་ལོ་རེ་བཞིན་རྗེ་ཙོང་ཁ་བ་དང་འཇམ་པའི་དབྱངས་།སྤྱན་རས་གཟིགས་སོགས་རེས་མོས་ཀྱིས་བཞེངས་བ་དང་གཡས་གཡོན་དུའང་ལོ་རེ་བཞིན་རེས་མོས་ཀྱིས་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་གྲུབ་ཐོབ་བརྒྱད་ཅུ།རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ།བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད།རྒྱལ་ཁ་པཎ་ཆེན་གྱི་རྣམ་ཐར།དེ་མིན་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དག་གི་རྟོགས་བརྗོད།བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱི་ལོ་རྒྱུས་སོགས་དང་།དེའི་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་།འདོད་ཡོན་སྣ་ལྔ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག རྒྱལ་སྲིད་སྣ་བདུན་སོགས་བཞེངས་སྲོལ་ཡོད།

      གསུམ་པ། མེ་ཏོག་མཆོད་པའི་སྒྱུ་རྩལ་ཁྱད་ཆོས་དང་རིན་ཐང་།

      ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་མཆོག་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ལྔ་བར་བཞུགས་རྗེས་ཕར་ཕྱིན་སྐབས་ཀྱི་ཐོག་དང་པོ་དང་སྒོ་མང་སྐབས་ཀྱི་དང་པོ།ད་དུང་རྗེ་བཙུན་སྐབས་དང་པོའི་འཛིན་གྲྭ་གཉིས་སུ་ཕྱེས།དེ་ནས་བཟུང་སྒོ་མང་གི་དགེ་འདུན་པ་བཅོ་ལྔ་ལྷག་གིས་བཞེངས་བའི་མེ་ཏོག་མཆོད་པ་ཞིག་དང་རྗེ་བཙུན་གྱི་དགེ་འདུན་པ་བཅོ་ལྔ་ལྷག་གིས་བཞེངས་བའི་མེ་ཏོག་མཆོད་པ་གཉིས་བཞེངས་སྲོལ་བྱུང་།སྒོ་མང་འཛིན་གྲྭའི་མེ་ཏོག་མཆོད་པ་ཚོགས་ཆེན་འདུ་ཁང་གི་གཡས་ཕྱོགས་ཆོས་གྲྭའི་སྒོ་ཆེན་གྱི་མདུན་དུ་བཤམས་པ་དང་།རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པ་ཐམས་ཅད་མཁྱེན་པའི་ལྷ་ཁང་གི་རྒྱབ་ཕྱོགས་སུ་བཤམས་ཀྱིན་ཡོད།འཛིན་གྲྭ་འདི་གཉིས་ཀྱིས་ལོ་རེ་བཞིན་མེ་ཏོག་མཆོད་པའི་བརྗོད་བྱའི་སྙིང་བོ་ཕན་ཚུན་ལ་གསང་རྒྱའི་སྒོ་ནས་འཛིན་གྲྭ་རང་རང་གི་བཟོ་བ་ལེགས་ཤོས་དག་གི་རང་རང་གི་ཐུན་མོང་མ་ཡིན་པའི་བཟོ་རྩལ་འགྲན་བསྡུར་གྱིས་བཞེངས་བཞིན་ཡོད།རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པའི་གཙོ་སྐུ་རྗེ་བཙུན་གསང་བདག་ཕྱག་ན་རྡོ་རྗེ་དང་གཡས་གཡོན་དུ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མཛའ་བཤེས་ཆེན་པོ་མཉམ་མེད་ཟས་གཙང་གི་སྲས་བོ་རྒྱལ་བ་ཤཱཀྱ་ཐུབ་པ་དང་པོ་དགའ་ལྡན་གནས་ནས་འཕོ་བ་དང་།།ཡུམ་སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས་པ་དང་།གནས་མཆོག་ལུམ་པའི་ཚལ་དུ་སྐུ་བལྟམས་པ་དང་།བཟོ་ཡི་གནས་ལ་སྤྱངས་པ།ངེས་པར་འབྱུང་ནས་དཀའ་བ་སྤྱོད་པ།བྱང་ཆུབ་སྙིང་བོར་གཤེགས་པ།བདུད་སྡེ་འཇོམས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ།བྱང་ཆུབ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ།སྐུ་མྱ་ངན་འདས་པ་སོགས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་ཆེན་བཅུ་གཉིས་སོགས་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་ཡོད།

      བཞི་བ། མེ་ཏོག་མཆོད་པའི་ད་ལྟའི་གནས་བབ་དང་རིན་ཐང་།

      མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པས།མེ་ཏོག་མཆོད་པ་ནི་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་པ་དང་འཇལ་སྐོར་པ་རྣམས་ཀྱི་མིག་གི་དབང་བོ་རུ་གྱུར་ཡོད།འདིས་མཚོ་སྔོན་ས་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད་།རིག་གནས།ཆོས་ལུགས།ཚན་རིག།མི་རིགས་ཕན་ཚུན་བར་གྱི་འབྲེལ་བ་སོགས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱུ་ཆ་རྩ་ཆེན་བཞག་ཡོད་པ་དང་ཕྱོགས་ཡོངས་ཀྱི་ཆ་ནས་ནུས་བ་ཆེན་པོ་ཐོན་ཡོད།

      མཇུག་བསྡུ་བའི་གཏམ།

      ཡུལ་གྲུ་ཀུན་ལ་ཁྱབ་པའི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི།བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ལ།

     མེ་ཏོག་མཆོད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྒྱུ་རྩལ་ཁྱད་ཆོས།གྲུབ་ཚུལ་དང་བརྗོད་བྱའི་སྙིང་བོ་སོགས་ལའང་གཞན་ལས་ལྷག་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས།འདི་ནི་རང་རེའི་མི་རིགས་ཀྱི་གཟི་བརྗིད་དང་ལ་རྒྱ་ཞིག་ཡིན་པར་མ་ཟད་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ངོམ་ཆོག་ཆོག་གི་རིག་གནས་ཤིག་ཀྱང་ཡིན་ནོ།།

      རྩོམ་པ་པོ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་༢༠༡༢ལོའི་བོད་ཡིག་སློབ་གླིང་གི་ཞིབ་འཇུག་སློབ་མ་ཡིན།