དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
སློབ་གསོའི་དགོས་མཁོ་གླེང་བ།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-06-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 460

        སློབ་གསོའི་སྡོང་རྩ་ལ་དཀའ་སྡུག་གི་རྔུལ་ཆུ་གཏོར་ན་སྟེང་ལ་བདེ་སྐྱིད་ཀྱི་འབྲས་བུ་སྨིན་ཡོང་ཞེས་པ་ནི་ང་རང་ཆེས་དགའ་བའི་ཚིག་ཅིག་ཡིན།     བྱ་དངོས་མཐའ་དག་ནི་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་པས་སློབ་གསོ་ཡང་དེ་ལས་མ་འདས་ལ།   ཆུང་དུས་ནས་བཟུང་སློབ་གསོ་ལ་ལྟ་སྟངས་དང་འདུ་ཤེས་ཡག་པོ་ཞིག་ཡོད་པ་དང་།   སློབ་གསོའི་བྱེད་ཐབས་ཡང་དག་པ་སྤྱད་ནས་མི་སྣ་གསོ་སྐྱོང་བྱས་པ་ཡིན་ན།    ནར་སོན་རྗེས་མི་འཇོན་ཐང་ཅན་ཞིག་དང་རང་གཞན་ཀུན་ལ་ཕན་པའི་མི་ཞིག་ཏུ་འགྱུར་ཐུབ་པ་ནི་འཚོ་བ་དངོས་ལས་ར་སྤྲོད་བྱུུང་ཐུབ་པ་མངོན་གསལ་རེད།   

       སློབ་གསོ་ནི་བྱ་གཞག་ཀུན་གྱི་རྩ་བ་ཡིན་པས་ཡང་དུ་བསྐྱར་དུ་གླེང་དགོས་པ་ཞིག་ཡིན་ལ།    ཆེས་རྒྱ་ཡན་དུ་གཏོང་མི་རུང་བ་ཡང་སློབ་གསོ་རེད།    འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་རང་ཉིད་ཀྱི་སྟེང་དུ་གནད་དོན་མི་ཉུང་བ་ཞིག་ཡོད་པ་ཤེས་ཤིང་དེ་ཚང་མ་ཡང་སྔར་གྱི་སློབ་གསོ་ལ་རག་ལས་ཆེན་པོ་བྱུང་འདུག    སྤྱི་ཚོགས་འཚོ་བར་འགྱུར་ལྡོག་ཅི་རིགས་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱིས་སློབ་གསོའི་སྟ་ལྟངས་དང་འདུ་ཤེས་ཐད་ལ་ཡང་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་འདུག      སྔར་གྱི་སློབ་གྲྭའི་སློབ་གསོ་ཁོ་ན་ནས་ད་ལྟ་ཁྱིམ་ཚང་སློབ་གསོའི་སྐོར་ལ་ཡང་དོ་སྣང་བྱས་ནས།   ཅི་ནུས་ཀྱིས་ཕ་མ་ཕྱོགས་གཉིས་ཀྱིས་བསྐྲུན་ཐུབ་པའི་ཆ་རྐྱེན་དེ་རང་གི་བུ་ཕྲུག་ལ་སྟེར་གྱི་ཡོད།         ཡིན་ན་ཡང་སློབ་གསོའི་བྱེད་ཐབས་ཀྱང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་སྟེ།   བྱེད་ཐབས་མ་འགྲིག་ན་ལོག་ལམ་དུ་ཞུགས་པའི་ཉེན་ཁ་ཡང་ཆེ་བས།   སློབ་གསོའི་གནད་དམ་པ་ནི་ཁྱིམ་བདག་དང་དགེ་རྒན་ཕྱོགས་གཉིས་ཀྱི་ཤེས་རིག་གི་ཆུ་ཚད་དང་ཀུན་སྤྱོད་ཀྱི་སྤུས་ཀ་སོགས་ཇེ་བཟང་དུ་བཏང་ནས།   ཆེས་ལེགས་པའི་ཐབས་ལམ་དེ་བུ་ཕྲུག་གི་རང་གཤིས་དང་ཡང་ན་སེམས་ཁམས་དང་བསྟུན་ནས་གསོ་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེ་པོ་རེད།

       མི་རིགས་ཡར་རྒྱས་ཀྱི་ཐབས་ལམ་ནི་སློབ་གསོ་ཡིན་པ་སུས་ཀྱང་ཤེས་པས།   ཕ་མ་གཉིས་ནས་རང་གི་མི་ཚེ་དེ་སློབ་གསོའི་ཆ་རྐྱེན་བཟང་བོའི་འོག་འཚར་ལོངས་འབྱུང་མ་ཐུབ་ཀྱང་དེང་སང་སྤྱི་ཕྱོགས་ནས་སློབ་གསོ་མྱོང་བའི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་ཡོད་པས་བུ་ཕྲུག་རྣམས་ནི་ཕ་མ་གཉིས་ལས་འཇོན་ཐང་ལྡན་ཞིང་ཤེས་རབ་ཡོད་པ།  དཔལ་ཡོན་ལྡན་པའི་མི་སྣ་ཞིག་ཏུ་བསྐྱེད་བསྲིང་བྱེད་དགོས་པའི་འདུ་ཤེས་དེ་སེམས་ལ་བཟུང་དགོས།  

       རོང་འབྲོག་ཕྱོགས་སུ་ཨ་ཕ་ལ་ཆང་དང་དུ་བ་བཟང་བོ་འཐེན་སྤྱད་ཡོད་ཀྱང་བུ་ཕྲུག་ལ་འབྲི་དེབ་དང་མྱུ་གུ་ཉོ་སྤྱད་མེད་ལ།  སློབ་ཕྱིའི་ཀློག་དེབ་ནི་དེ་ལས་ཀྱང་བཤད་མ་དགོས་པས་དེ་ལྟ་བུའི་རྒྱ་ཡན་དུ་བཏང་བའི་སློབ་གསོ་ལ་འབྲས་བུ་བཟང་བོ་ཞིག་སྨིན་རྒྱུ་གང་ན་ཡོད།    ཕ་མ་ནི་བུ་ཕྲུག་གི་སློབ་སྦྱོང་དང་མིག་དཔེ་བལྟ་ས་གཙོ་བོ་དང་ཐོག་མ་དེ་ཡིན་པས།  ཕ་མ་གཉིས་ཀྱི་ཀུན་སྤྱོད་དང་རང་གཤིས་བཟང་མིན་གྱིས་བུ་ལ་ཡང་དེ་བསྟུན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད།   མཚམས་ལ་རེར་ཕ་མའི་སློབ་གསོའི་ཚིག་གཅིག་གིས་ཀྱང་བུ་ལ་ཚེ་གཅིག་གི་ཤེས་རབ་འཕེལ་ཐུབ་ཀྱི་ཡོད།    ཤེས་དགོས་པ་ཞིག་ནི།   ང་ཚོས་བུ་ཕྲུག་གི་ཕུགས་བསམ་གང་རུང་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་ལ།  རང་ཉིད་ཀྱི་བརྩོན་འགྲུས་དང་ཉམས་མྱོང་ལ་བརྟེན་ནས་མདོར་ན་ཕུགས་བསམ་སྨིན་པ་ཡང་མང་པོ་ཡོད།     སློབ་གསོ་བཟང་བོ་ཞིག་མྱང་བ་ཡིན་ན་མི་ཚེ་གཅིག་ལ་ཕན་ཐོགས་ཅིང་དོན་དག་གང་ལ་འཕྲད་ཀྱང་ཡིད་ཆེས་བརྟན་པོ་ཡོད་པ་མ་ཟད།   གཞན་ཕན་གྱི་ལྷག་བསམ་དཀར་པོ་དང་བླང་དོར་གྱི་འཇུག་ལྡོག་ལ་ཡང་མི་རྨོངས་པས་མི་ཚེ་དོན་ལྡན་འབྱུང་ན་སློབ་གསོ་ལ་བརྟེན་དགོས་པ་ཡིན།

 

རྩོམ་སྒྲིག་པ། (གཡང་མཛོ།)