དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ང་ཡི་ཕ་ཡུལ།
རྩོམ་པ་པོ། རྡོ་རྗེ་དབང་ཕྱུག དུས་ཚོད། 2017-06-14 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 328

      ང་ཡི་ཕ་ཡུལ་ན།ཐང་དཀར་རྒོད་པོའི་གཤོག་རྩལ་མི་ཟིན་པའི་རི་མཐོ་བྲག་གཟར་དང་།གཡུ་འབྲུག་སྔོན་མོ་འཁྱུག་འདྲའི་ཆུ་རྒྱུན་ཡོད།

      ང་ཡི་ཕ་ཡུལ་ན།གཡུ་ཞུན་ཁུ་བར་བྱུགས་འདྲའི་སྤང་ལྗོངས་སྔོན་མོ་དང་།  ཚང་ཚིང་གཡུ་ལོ་སྟུག་པོའི་ལྗོན་པ་སྣ་ཚོགས་ཡོད།

      ང་ཡི་ཕ་ཡུལ་ན།  དུས་ཚིགས་ལ་དབྱེ་བ་ཡོད།  གནམ་གཤིས་ཀྱི་དྲོད་གྲང་ལ་འགྱུར་བག་ལྡན།  དཔྱིད་ཀར། དལ་འབབ་ཀྱི་ཆུ་རྒྱུན་རིང་མོའི་འཁྱག་དར་ཞུ།  གསར་སྐྱེས་ཀྱི་མྱུ་གུ་ལ་གསོན་ཤུགས་རྒྱས།

      དབྱར་ཁར། ཁུ་བྱུག་སྔོན་མོའི་སྐད་སྙན་དང་།འདོ་བ་རྟ་ཡི་འཚེར་སྐད།གཡང་དཀར་ལུག་གི་འབའ་སྒྲ་ཡོད།  སྟོན་ཁར།  གསེར་མདོག་གི་སྙེ་མ་གཡོ། སྡོང་ལོ་ས་ལ་འཐོར།བསིལ་རླུང་དལ་བུར་ལྡང་།དགུན་ཁར།  དངུལ་དཀར་གྱི་ཁ་བ་ལྷབ་ལྷུབ་འབབ།  གྲང་ངར་གྱི་ལྷགས་རླུང་རྒོད།ང་ཡི་ཕ་ཡུལ་ན།  ནས་འབྲུ་སྔོན་མོའི་ཟས་མཆོག་དང་། རྫ་ཆུ་བསིལ་མའི་བཏུང་ཆུ་ཡོད། 

      ང་ཡི་ཕ་ཡུལ་ན།   བརྗོད་མི་ཚར་བའི་སྔོན་བྱུང་གི་གཏམ་རྒྱུད་དང་།བཙན་པོའི་བྱུང་རིམ་དང་མཛད་འཕྲིན་རེ་རེ་ཡོད།

      ང་ཡི་ཕ་ཡུལ་ན།ཡོན་ཏན་གྱི་ལྕི་བའི་དགེ་བའི་བཤེས་གཉེན་དང།   བཀླགས་མི་ཚར་བའི་མཁས་པའི་གསུང་འབུམ་ཡོད།

      ང་ཡི་ཕ་ཡུལ་ན།  ཤེས་བྱའི་གནས་ལ་གཤོག་ཟུང་བརྐྱངས་སའི་མཁའ་དབྱིངས་དང་།   རིག་གནས་བཅུ་ཕྲག་འབད་པའི་བློ་ལྡན་མང་།

      ང་ཡི་ཕ་ཡུལ་ན།  གཡང་གི་སྒོ་ཟོག་རྟ་ནོར་ལུག་གསུམ་འཕེལ།  གཡང་ཁྱིམ་གྲུ་བཞི་འབྲུ་རིགས་སྣ་ལྔས་གཏམས།

      ང་ཡི་ཕ་ཡུལ་ན།  དགོ་དགོ་ངག་ལ་འགུག་པའི་བཞོ་དབྱངས་དང་།   ཞང་ཡ་རེ་ངག་ལ་བདེ་བའི་དམངས་གླུའི་འགྱུར་ཁུགས་གསལ།

      ང་ཡི་ཕ་ཡུལ་ན།   གླེང་མི་ཚར་བའི་ལོ་རྒྱུས་དང་།  བྲིས་མི་ཚར་བའི་མཛེས་ལྗོངས་ཡོད།

      ང་ཡི་ཕ་ཡུལ་ན།མང་པོ་མང་པོ་ཞིག་གནས

 

རྩོམ་སྒྲིག་པ། (གཡང་མཚོ།)