དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཕ་མས་བྱིས་པར་དཔེ་ཆ་བཏོན་ན་བྱིས་པའི་ཀུན་རྟོག་གི་ནུས་པ་ཇེ་བཟང་དུ་གཏོང་ཐུབ།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-06-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 201

 

  སྤྱིར་བཏང་དུ་ང་ཚོས་བྱིས་པའི་སློབ་གསོའི་སྐོར་ལ་དོ་སྣང་བྱས་པ་ཤིན་ཏུ་ཉུང་ལ།   གཞན་གྱིས་མ་བཤད་ན་སློབ་གསོའི་གནས་ལུགས་མང་པོ་ཞིག་གི་དོན་མི་གོ་ལ།  བྱིས་པར་དཔེ་ཆ་འདོན་པའི་སྲོལ་ཆགས་ཏུ་འཇུག་རྒྱུ་ནི་དེ་ལས་ཀྱང་བསམ་ངོར་དྲན་དཀའ་བའི་སྣང་ཚུལ་ཞིག་ཏུ་ཆགས་ཡོད།   མི་སུ་ཞིག་ཡིན་རུང་རང་གི་མི་ཚེ་ནང་སློབ་སྦྱོང་བྱེད་རྒྱུ་ལ་མཚམས་འཇོག་རྒྱུ་གཏན་ནས་མེད།   རང་ཉིད་བསམ་བློ་དང་ཀུན་སྤྱོད་ཕྱོགས་ཡོངས་ནས་འཇོན་ཐང་ལྡན་པ་དང་དཔལ་ཡོན་ལྡན་པ་ཞིག་ཏུ་ཆགས་དགོས་ན་ཆུང་དུས་ནས་འགོ་བརྩམས་པའི་བདེ་ཐང་སློབ་གསོ་ལ་རག་ལས་ཆེན་པོ་བྱུང་གི་ཡོད།   དཔེ་ཀློག་གི་སྐོར་ནས་བཤད་ན།    དུས་རྒྱུན་འཚོ་བའི་ནང་བྱིས་པའི་རྣ་ལམ་དུ་ཡང་སྐོར་བསྐྱར་སྐོར་གྱིས་སྤྲོ་སྣང་ཡོད་པའི་པར་རིས་དཔེ་ཆ་བཀླགས་ན་བྱིས་པའི་ཀུན་རྟོག་གམ་བསམ་གཞིགས་ཀྱི་བློ་སྒོ་འབྱེད་པར་ཕན་ཐོགས་ཚུལ་བཤད་ཡོད།   

       ལོ་གཉིས་ལ་སླེབས་པའི་བྱིས་པ་ནི་རྟོག་བཏགས་ཀྱི་འཇིག་རྟེན་ནང་དུ་འཚོ་རྒྱུར་ཤིན་ཏུ་དགའ་བོ་ཡོད།   དཔེ་ཆའི་ཁྲོད་ཀྱི་པར་རིས་དང་གཏམ་རྒྱུད་སྣ་ཚོགས་ལས་རོལ་མྱོང་དང་ཤེས་རྟོགས་བྱུང་བའི་བྱ་སྤྱོད་ཀྱིས་ཀུན་རྟོག་གི་བློ་སྒོ་རྒྱ་བསྐྱེད་པར་ནུས་པ་ཐོན་གྱི་ཡོད།     ལོ་གཅིག་ལ་སླེབས་པའི་བྱིས་པ་ནི་སྲོག་ཆགས་དང་འགྲིམ་འགྲུལ་ཡོ་བྱད་སོགས་ཀྱི་མིང་བྲིས་ཡོད་པའི་དཔེ་ཆའི་རིགས་ལ་ཤིན་ཏུ་དགའ་ཡང་།   ལོ་གཉིས་ལ་ཐོན་རྗེས།   བྱིས་པ་ཚོ་ནི་ལྷག་པར་གཏམ་རྒྱུད་ཡོད་པའི་པར་རིས་དཔེ་ཆའི་རིགས་ལ་དགའ་བོ་བྱུང་གི་ཡོད།  

       ཨུ་ཚིགས་ཀྱིས་བྱིས་པར་དཔེ་ཆར་མ་འདོན།  ཕ་མ་གཉིས་ནས་བུ་ཕྲུག་ལ་དཔེ་ཆ་འདོན་བསམ་ཡང་།    བྱིས་པའི་ཕྱོགས་ནས་ཕ་མ་གཉིས་ཀྱི་བསམ་འདུན་དང་ལེན་བྱེད་པའམ་ཡང་ན་དེའི་ཕྱོགས་ལ་སྤྲོ་སྣང་ཡོད་པའི་ངེས་པ་མེད།   བྱིས་པ་རེ་རེའི་གཤིས་རྒྱུད་མི་འདྲ་བས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པའི་བུ་ཕྲུག་ལ་བཙན་གྱིས་དཔེ་ཆ་འདོན་པའམ་ཡང་ན་དཔེ་ཆ་དང་ཉེ་བཅར་བྱེད་དུ་བཅུག་ན་ཕན་ནུས་ཅི་ཡང་མེད།  བྱིས་པ་རེ་རེའི་དགའ་ཕྱོགས་དང་མྱོང་རྟོག་གི་ཚོར་བ་མི་འདྲ་བས་ཕ་མ་གཉིས་ཀྱིས་རང་གི་བསམ་ཚུལ་དེ་བཙན་གྱིས་བུ་ཕྲུག་གི་སྟེང་དུ་བཀོལ་མི་རུང་།    ལོ་ན་ཆུང་བའི་དུས་སུ་བྱིས་པས་མ་འོངས་པའི་ཕུགས་བསམ་སྐོར་ལ་བསམ་གཞིགས་ཡག་པོ་ཞིག་གཏོང་མི་ནུས་པ་དང་།    རེ་ཞིག་དཔེ་ཀློག་གི་ཕྱོགས་ལ་སྤྲོ་སྣང་མེད་པའི་དུས་ཀྱང་ཡོད་ངེས་མོད།   ཡིན་ཡང་ཚེ་གང་བོར་སྤྲོ་སྣང་མེད་པ་ཞིག་རྩ་བ་ནས་མིན།     འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་སྐབས་དང་བསྟུན་ནས་བྱིས་པར་དཔེ་ཀློག་གི་སྤྲོ་སྣང་སོགས་བསླབ་ན་འགྲིག 

      གཉིད་དུ་མ་ཡུར་བའི་སྔོན་ལ་བྱིས་པ་མང་ཆེ་བ་ནི་ཕ་མས་བཏོན་པའི་དཔེ་ཆར་ཉན་རྒྱུར་དགའ།   དཔེ་ཆ་གང་གི་སྐོར་ནས་བཏོན་ན་དགའ་འམ།   ཕ་མ་ཕྱོགས་གཉིས་ནས་བྱིས་པར་དཔེ་ཆ་གང་གི་སྐོར་འདོན་རྒྱུར་མཐའ་གཅིག་ཏུ་ཐག་གཅོད་བྱེད་མི་རུང་།    ནང་དོན་གྱི་ཐད་ནས་བྱིས་པ་ཁོ་རང་སྤྲོ་སྣང་ཡོད་པ་ཞིག་ཡིན་ན་དཔེ་ཆ་གང་ཞིག་ཡིན་རུང་ཆོག     པར་རིས་སྐོར་གྱི་དཔེ་ཆ་ཡང་མི་རེ་རེའི་འདོད་བློ་དང་བསྟུན་དགོས།    བྱིས་པའི་མདུན་ནས་འདི་ནི་བྱིས་པ་ཚོས་ཀློག་རྒྱུའི་དཔེ་ཆ་ཞིག་རེད་ཟེར་བ་ལྟ་བུའི་སྐད་ཆ་བཤད་ན་བྱིས་པའི་སེམས་ཁམས་ལ་གནོད་འཚེ་གཏོང་གི་ཡོད་པས་མཉམ་འཇོག་དགོས།   བྱིས་པ་ལ་ལ་ནི་ཁུང་འབྲུག་གི་དཔེ་ཆར་བལྟ་རྒྱུར་དགའ་ཞིང་།   ལ་ལ་ནི་འགྲིམ་འགྲུལ་ཡོ་བྱད་སྐོར་གྱི་དཔེ་ཆར་བལྟ་རྒྱུར་དགའ།    བྱིས་པ་ཁོ་རང་ཚོ་སྤྲོ་སྣང་ཡོད་པའི་དཔེ་ཆ་ཞིག་ཡིན་ན་ཕ་མ་གཉིས་ཀྱིས་དེའི་གཏམ་རྒྱུད་ཀྱི་ནང་དོན་གསལ་བཤད་བྱེད་དགོས་པའི་རེ་བ་འདོན་པ་དང་།   དེ་དུས་ཕ་མ་གཉིས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་ནས་ཡང་དཔེ་ཆ་འདི་ཡིན་ནམ།   ཡང་ནང་དོན་འདི་བཤད་དགོས་སམ་ལྟ་བུའི་སུན་སྣང་ཡོད་པའི་ཚིག་བཤད་ན་ཤིན་ཏུ་མི་འགྲིག     སྤྲོ་སྣང་ཡོད་པ་དང་ཉམས་འགྱུར་ཡོད་པ།   ཞོར་དུ་བྱིས་པའི་སེམས་ཁམས་དང་བསྟུན་ནས་དཔེ་ཆའི་ནང་དོན་བཀླགས་ན་བྱིས་པས་གཏམ་རྒྱུད་ཀྱི་ནང་དོན་བློར་འཛིན་ཐུབ་པའི་ངེས་པ་མེད་མོད།   ཡིན་ཡང་དཔེ་ཀློག་གི་གོ་རིམ་ཁྲོད་ནས་སྤྲོ་སྣང་མང་པོ་ཞིག་བསྐྱེད་ནས་སེམས་ཁམས་བདེ་ཐང་ལ་ཕན་ཐོགས་ཀྱི་ཡོད།  

      དཔེ་ཀློག་བྱེད་པའི་གོ་རིམ་ཁྲོད།   བྱིས་པ་མི་ཉུང་བ་ཞིག་གསལ་བྱེད་དང་ཡི་གེའི་ཕྱོགས་ལ་སྤྲོ་སྣང་སྐྱེ་བའི་འགོ་རྩོམ་ངེས་ཡིན།   དེ་དུས་ད་དུང་ཡི་གེ་ལ་སློབ་སྦྱོང་བྱ་རྒྱུ་སྔ་དྲགས་པའི་བསམ་བློ་སྐྱེས་ན་ཡང་ང་ཚོས་བྱིས་པའི་སྤྲོ་སྣང་མཚར་བོ་དག་ལ་མཐོང་ཆུང་དང་རྒྱ་ཡན་བྱེད་མི་རུང་།   གལ་ཏེ་བྱིས་པར་སྤྲོ་སྣང་ཡོད་ན།   ང་ཚོས་ཡི་གེ་དེ་ཅི་ལྟར་འདོན་པ་དང་ནང་དོན་ཅི་ཞིག་མཚོན་གྱི་ཡོད་པ་སོགས་འོས་འཚམས་ཀྱིས་བཤད་དགོས་ལ།  བྱིས་པས་ཡི་གེ་དེ་འབྲི་མི་ཤེས་རུང་ཡི་གེའི་གཟུགས་དང་དབྱིབས་སོགས་སེམས་ལ་འཛིན་ཐུབ་ཀྱི་ཡོད།  

      བུ་ཕྲུག་ལ་དཔེ་ཆ་འདོན་པ་ནི་གསལ་བྱེད་ངོས་འཛིན་བྱེད་པ་ཙམ་གྱི་ཆེད་ཁོ་ན་མིན།   དཔེ་ཆ་བཏོན་ན་ཕ་མ་དང་བུ་ཕྲུག་གཉིས་ཀས་དཔེ་ཆའི་གཏམ་རྒྱུད་ཀྱི་ནང་དོན་རོལ་མྱོང་བྱས་ཆོག་ལ།    གཏམ་རྒྱུད་ཀྱི་ཁྲོད་ནས་བྱིས་པར་སྤྲོ་སྣང་དང་མཚར་སྣང་སྣ་ཚོགས་སྐྱེས་ནས་བསམ་གཞིགས་དང་ཀུན་རྟོག་གི་བློ་སྒོ་རྒྱ་སྐྱེད་པར་ནུས་པ་ཐོན་གྱི་ཡོད་པ་དང་།   ཡང་དཔེ་ཆ་དང་འབྲེལ་འདྲིས་བྱེད་པ་མང་ན་རིམ་བཞིན་དཔེ་དེབ་སྣ་ཚོགས་ལ་ཆ་རྒྱུས་ཡོད་པ་དང་གོམས་ལོབས་སུ་སོང་ནས།    རྗེས་སུ་འཚར་ལོངས་བྱུང་དུས་དཔེ་ཆ་ལ་བརྩི་མཐོང་བྱེད་ཤེས་པ་དང་དཔེ་ཀློག་ལས་རིག་གནས་ཤེས་བྱ་མང་པོ་ཞིག་སྦྱང་ནས་ལུས་སེམས་གཉིས་ལ་ཕན་ཐོགས་ཐུབ་པའི་ཕྱིར་དུ་ཡིན།  

      བྱིས་པ་ནར་སོན་ནས་དཔེ་ཀློག་གི་གོམས་གཤིས་བཟང་བོ་ཞིག་ཆགས་ན་བྱིས་པའི་སྐད་ཆའི་ནུས་པ་དང་།   ཀློག་འདོན་ནུས་པ་ཡང་ཇེ་ཆེར་འགྲོ་ལ།   ཤེས་རྒྱ་དང་ལྟ་རྒྱ་ཇེ་ཆེར་འགྲོ་བ་ཡང་མངོན་གསལ་རེད།   དེ་མིན་རིམ་བཞིན་ཕུགས་བསམ་ལྡན་པར་གྱུར་ནས་མི་ཚེའི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་སོགས་མི་ཚེ་གཅིག་ལ་ཕན་ཐོགས་པ་གདོན་མི་ཟ་བས།    བྱིས་པའི་བདེ་ཐང་སློབ་གསོའི་ཕྱོགས་ལ་ཕ་མ་གཉིས་ནས་ཀྱང་སྔར་ཡོད་ཀྱི་གོམས་གཤིས་བཟང་བོ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་མུ་མཐུད་དེ་ལྟ་བ་གསར་བ་དང་ལག་ལེན་གསར་བ།  སྔོན་ཐོན་གྱི་སློབ་གསོའི་བྱེད་ཐབས་གསར་བ་སོགས་དང་ལེན་དང་སློབ་སྦྱོང་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་ཞིག་རེད།

 

རྩོམ་སྒྲིག་པ། (Test)