དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-06-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 204

      མི་ཚེ་ནི་གོ་རིམ་རིང་པོ་ཞིག་ཡིན་པས།  མུ་མཐུད་ནས་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ང་ཚོས་ཅིས་ཀྱང་མངོན་སུམ་སྤྱི་ཚོགས་ནང་གི་བྱ་དངོས་མང་པོ་ཞིག་ལ་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་དགོས་པའི་གནས་ཚུལ་འདི་དང་ལེན་མི་བྱེད་ག་མེད་དུ་གྱུར་ཡོད།  
      དེ་ཡང་ཀུན་གྱི་ཐོག་མ་ཆུང་དུས་ཀྱི་འཚར་ལོངས་ལ་རག་ལས་ཆེན་པོ་ཡོད་པས།   ཆུང་དུས་ནས་གོམས་གཤིས་བཟང་པོ་དང་སློབ་སྦྱོང་གི་འདུ་ཤེས་བཟང་པོ་ཞིག་སེམས་ལ་ཆགས་ཏུ་འཇུག་རྒྱུ་ནི་ཅི་ནས་ཀྱང་རྒྱ་ཡན་དུ་གཏོང་མི་རུང་བའི་དོན་དག་ཅིག་རེད།  
      དེང་སང་ཚན་རིག་ལག་རྩལ་དར་ཁྱབ་ཆེན་པོ་བྱུང་བ་དང་བསྟུན་ནས།  མི་རྣམས་ཀྱི་བསམ་བློའི་ཕྱོགས་ལ་ཡང་འགྱུར་ལྡོག་ཅི་རིགས་བྱུང་ཡོད་ཅིང་།  སློབ་སྦྱོང་བྱེད་པའི་ཐབས་ལམ་ཡང་རང་གིས་འདོད་མོས་ལྟར་གདམ་གསེས་བྱས་ཆོག་པ་ཞིག་རེད། 


      མཚམས་རེར་ང་ཚོས་བུ་ཕྲུག་གི་སློབ་གསོ་གཏོང་སྟངས་ཐད་ལ་ནོར་འཁྲུལ་རེ་གཉིས་འབྱུང་གི་ཡོད།   རང་གི་འདོད་མོས་དང་སེམས་ཁམས།  ཡང་ན་དགའ་ཕྱོགས་རྣམས་ནི་བུ་ཕྲུག་གི་སྟེང་ལ་འཇོག་བསམ་གྱི་ཡོད་མོད།   དེ་ལས་ཀྱང་གལ་ཆེ་བ་ནི་བུ་ཕྲུག་གི་སེམས་ཁམས་དང་རང་གཤིས་དང་བསྟུན་ནས་བསྐྱེད་བསྲིང་བྱེད་རྒྱུ་འདི་ཤིན་ཏུ་གལ་ཆེ་པོ་རེད།     དེང་སང་དཔེ་ཀློག་ནི་འཛམ་གླིང་སྤྱི་ནས་ཐུགས་ཁུར་དང་དར་ཁྱབ་གཏོང་བཞིན་པའི་གནས་ཚུལ་ཞིག་ཏུ་ཆགས་ཡོད་པས།    རིག་གནས་ཡོན་ཏན་མང་པོ་ཞིག་ནི་དཔེ་ཀློག་བྱས་པ་ལས་བྱུང་བ་ཡིན་པས་ང་ཚོས་ཅི་ནས་ཀྱང་རང་ཉིད་དཔེ་ཆ་དང་འབྲེལ་འདྲིས་ཉུང་བ་དང་།   དཔེ་ཀློག་ལ་མི་དགའ་བ།རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་གཞན་དང་བསྡུར་ན་བར་ཁྱད་ཆེན་པོ་ཡོད་པ་དེ་ཤེས་དགོས།  
     རྒྱའི་ཚོང་ལས་པ་ཆེན་མོ་མ་ཡོན་གྱིས་རེ་ཞིག་གི་བརྙན་འཕྲིན་ཁ་བརྡ་ནང་ལུས་རྩལ་ལ་མི་དགའ་བའི་མི་རིགས་ལ་ད་དུང་བདེ་ཐང་ཡོད་དམ་ཞེས་དྲི་བ་དྲིས་འདུག   འདི་ལ་བསམ་བློ་ཞིབ་ཏུ་གཏོང་དུས་གནས་ལུགས་ཆེན་པོ་ལྡན།    བདེ་ཐང་གི་ལུས་པོ་ཞིག་ཡོད་ན།  ད་གཟོད་དོན་དག་ཅི་ཞིག་བསྒྲུབ་དགོས་ཀྱང་ཕུགས་བསམ་གང་ཞིག་གི་ཆེད་དུ་འབད་བརྩོན་བྱེད་དགོས་ཀྱང་རེ་བ་ཡོད་པ་ཞིག་རེད།  དེའི་རྐྱེན་གྱིས་ཆུང་དུས་ནས་བྱིས་པ་ལ་ངལ་རྩོལ་གྱི་འདུ་ཤེས་ཆགས་སུ་འཇུག་པ་དང་།   རོལ་རྩེད་ཀྱི་ཀློང་ནས་ལུས་རྩལ་ལ་དགའ་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། 
     རོལ་དབྱངས་འདི་ཡང་ཤིན་ཏུ་གལ་ཆེ་བ་ཞིག་རེད།   རོལ་དབྱངས་ཀྱིས་ས་དང་གནམ་གྱི་བརྩེ་བ་སྦྲེལ་ཐུབ་ཞེས་བརྗོད་པར་དམིགས་ན།   རོལ་དབྱངས་ཀྱིས་མིའི་ལུས་པོ་དང་སེམས་ཁམས་ལ་བདེ་སྐྱིད་བརྗོད་མི་ཤེས་པ་སྦྱིན་གྱི་ཡོད་པ་ཤེས་ཐུབ།  རང་རེའི་བོད་མི་རིགས་ལ་མཚོན་ན་རོལ་དབྱངས་ཀྱི་ཕྱོགས་ནས་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡོད་ཅིང་།  ངལ་རྩོལ་གྱི་འཚོ་བའི་གོ་རིམ་ཁྲོད་ཁོར་ཡུག་དང་སེམས་ཁམས་དང་བསྟུན་ནས།   སྙན་ཞིང་འཇེབས་ལ་ཡིད་ཀྱི་དང་བ་འདྲེན་པའི་དབྱངས་རྟ་མང་པོ་ཞིག་གསར་རྩོམ་བྱས་ཡོད་པས།    འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་རོལ་དབྱངས་འདི་དག་གིས་ང་ཚོའི་སེམས་ལ་བདེ་སྐྱིད་ཀྱི་སྣང་བ་གང་རུང་སྦྱིན་གྱི་ཡོད།    
     ཆུང་དུས་ནས་མཛེས་རྩལ་གྱི་ཕྱོགས་ལ་སྦྱང་བ་བྱས་ན་བསམ་བློ་གཏོང་ཚད་ཀྱི་གཏིང་ཇེ་ཟབ་དང་ཕུན་སུམ་ཚོགས་པར་འགྱུར་ཐུབ་པ་ནི་འཚོ་བ་དངོས་ལས་ཤེས་ཐུབ་ཀྱི་ཡོད།   མཛེས་རྩལ་པའི་འཆར་ཡན་ནི་བློ་ཡུལ་ལས་འགོངས་པ་ཞིག་ཡིན་ཞིང་།    མཛེས་རྩལ་བརྩམས་ཆོས་ནས་རང་གི་མི་ཚེ་གཅིག་གི་ཕུགས་བསམ་དང་རེ་བ་མཚོན་ཆོག་གི་ཡོད།    དེའི་རྐྱེན་གྱིས་དཔེ་ཀློག་དང་རོལ་དབྱངས།  ལུས་རྩལ་དང་མཛེས་རྩལ་སོགས་ནི་བདེ་ཐང་གི་ཕྱོགས་ལ་ངེས་པར་མཁོ་ཆ་ཆེ་བས་ང་ཚོས་ཆུང་དུས་ནས་འདིའི་ཕྱོགས་ལ་དོ་སྣང་བྱས་ན་འགྲིག་པ་རེད།

རྩོམ་སྒྲིག་པ། (པདྨ།)