དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
བསོད་ནམས་ཚེ་རིང་གིས་ཡུལ་སྐོར་ཡོང་འབབ་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྙེག་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ། དུས་ཚོད། 2017-06-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 187

      ཟླ6པའི་ཚེས16ཉིན།ས་སྲོས་ཀྱི་ཉི་འོད་སེམས་ཀྱི་ཉི་ཟླའི་ཕྱོགས་བཞིའི་རི་ཀླུང་ཀུན་ཏུ་འཕྲོ་སྐབས།ཡུལ་སྐོར་བ་བཀང་བའི་རླངས་འཁོར་རེ་རེར་བོད་མིའི་སྤྲོ་སྐྱིད་ཁང་གི་ཕྱོགས་སུ་བསྐྱོད།ངག་གིས་རྒྱ་སྐད་དག་མ་བཤད་པ་དང་།ལུས་སུ་བོད་ལྭ་གོན་ཡོད་པའི་ཡུལ་སྐོར་རླངས་འཁོར་གྱི་ཁ་ལོ་བ་དེ་དག་ནི་དེ་སྔོན་ཤིང་ཆ་འདྲུད་པའི་ཞིང་པ་ཤ་སྟག་ཡིན་པ་སུས་ཡང་བློ་ངོར་མི་ཤར།
     ཚང་མས་ངེས་པར་དུ་དགའ་དགའ་སྤྲོ་སྤྲོ་བྱོས་དང་།བོད་མིའི་སྤྲོ་སེམས་དང་མགྲོན་བསུ་ལ་ཉམས་སུ་མྱོང་ཤིག་ཅེས་ཤམ་བྷ་ལའི་བོད་མིའི་སྤྲོ་སྐྱིད་ཁང་དུ་ལོ་ན་48སོན་པའི་བོད་རིགས་ཡུལ་སྐོར་རླངས་འཁོར་གྱི་ཁ་ལོ་བ་བསོད་ནམས་ཚེ་རིང་གིས་རྒྱ་སྐད་དག་མ་རྒྱག་སྟེ་མགྲོན་པོ་རྣམས་ལ་མགྲོན་བརྡ་བྱེད་བཞིན་ཡོད་ལ།ཡུལ་སྐོར་སྣེ་ཤན་པ་དང་མཉམ་དུ་མགྲོན་པོ་རྣམས་བཀོད་སྒྲིག་བྱས་ཚར་རྗེས།ཁ་ལོ་བ་འགའ་དང་མཉམ་དུ་བསྡད་ནས་རང་གི་ལོ་རྒྱུས་བཤད་བྱུང་།
     ཁ་ལོ་བ་བསོད་ནམས་ཚེ་རིང་གིས་ཁ་བརྡ་ཡི་སྒོ་ཕྱེ་སོང་།ཁོང་གིས་དུས་ཚོད་ནི་སྐད་ཅིག་དེ་ཉིད་དུ་ཡལ།ལོ་ངོ་བཅུ་ལྷག་རིང་གི་དུས་ཡུན་ལ་སེམས་ཀྱི་ཉི་ཟླར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།རང་ཉིད་ཀྱང་ཤིང་ཆ་འདྲུད་མཁན་ནས་ཡུལ་སྐོར་རླངས་འཁོར་གྱི་ཁ་ལོ་བར་གྱུར།དེ་སྔོན་ནགས་རི་ལ་བརྟེན་ནས་འཚོ་བ་དང་།དེང་སྐབས་ནགས་སྲུང་ལ་བརྟེན་ནས་འཚོ་བཞིན་ཡོད།དངོས་ནས་འགྱུར་ལྡོག་ཆེ་ཞེས་བཤད་བྱུང་།
     བསོད་ནམས་ཚེ་རིང་གིས་ཁོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་སྡེ་ནས་ཡིན་པ་དང་།གྲོང་སྡེའི་མཐའ་སྐོར་ནི་ནགས་ཀྱིས་བཀང་ཡོད།དེ་སྔོན་སྡེ་མིའི་ཡོང་འབབ་གཙོ་བོ་ནི་ཤིང་ཆ་གཅོད་པར་བརྟེན་ཡོད་པས།རླངས་འཁོར་ཉོས་ནས་ཤིང་ཆ་འདྲུད་པ་ནི་ལས་གཞི་ལེགས་པོ་ཞིག་ཏུ་བརྩི་བ་ཡིན་ལ།སྡེ་མི་རྣམས་ཀྱིས་མ་དངུལ་བཙལ་བའི་ཐབས་ལམ་འདི་དམ་འཛིན་བྱས་ནས།ཕལ་ཆེར་ཁྱིམ་ཚང་རེ་རེར་ཤང་ཆ་སྐྱེལ་འདྲེན་གྱི་རླངས་འཁོར་ཡོད་པ་རེད།ཁོང་གིས་ལོ་ན20ལྷག་ཡིན་དུས་ཁྱིམ་མིས་སྒོར་བསྐྱིས་ནས་ཁོང་ལ་ཏུང་ཧྥེང་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ཏེ།ཉིན་མཚན་ཀུན་ཏུ་སྐྱེལ་འདྲེན་གྱི་ལམ་དུ་ཞུགས།དེ་དུས་སྡེ་མི་མང་ཆེ་བ་ཡང་སྐྱེལ་འདྲེན་ལ་བྲེལ་བཞིན་ཡོད་པ་དང་།སྡེ་མི་འགའ་ཤས་ལོ་ཡོངས་ཀྱི་ཡོང་འབབ་གཙོ་བོ་ནི་ཤིང་གཅོད་པ་དང་ཤིང་བཙོང་ལ་བརྟེན་བཞིན་ཡོད།དེ་དུས་ལྷན་རྒྱས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་མི་ཤེས་ལ།རང་གི་རྗེས་རབས་པ་རྣམས་ལ་རི་སྔོ་ཆུ་དྭངས་ཀྱི་རང་བྱུང་ཁོར་ཡུག་ལེགས་པོ་འཇོག་རྒྱུ་དེ་ལས་མི་ཤེས།རི་འགོའི་ཤིང་ཆ་ལོ་རེ་ནས་ལོ་རེར་ཇེ་ཉུང་དུ་སོང་ཡོད་པ་དང་།སྐྱེ་ཁམས་ལ་སྔར་བྱུང་མ་མྱོང་བའི་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་ཅེས་བཤད།
     བསོད་ནམས་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན།རང་བྱུང་ནགས་ཚལ་གྱི་ཤིང་ཆ་གཅོད་འབྲེག་གཏན་འགོག་བྱས་རྗེས།རྒྱལ་ཁབ་ཀྱིས་ཞིང་དོར་ནགས་སྤེལ་ལག་བསྟར་བྱས་པ་དང་།ཤིང་ཆ་སྐྱེལ་འདྲེན་གྱི་རླངས་འཁོར་དག་སྒོ་འགྲམ་དུ་བཞག་ཡོད་ལ།སྡེ་མི་རྣམས་ཀྱི་ཡོང་སྒོའི་ལམའང་བཅད་བྱུང་།སེམས་ཀྱི་ཉི་ཟླ་དེ་བདེ་ཆེན་ཁུལ་དུ་ཆགས་རྗེས།ཡུལ་སྐོར་བ་མང་པོ་བདེ་ཆེན་དུ་ཕེབས་ཡོད།དེ་དུས་ཞིང་པ་མང་ཚོགས་རྣམས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་བུར་བསྐྱོད་རྒྱུ་ད་དུང་ཡིད་ལ་འཆར་མེད།ཞོ་རྡོ་མཚོ་དང་བས་མཐའ་མཚོ་སོགས་ལྗོངས་ཁུལ་གསར་སྤེལ་བྱས་རྗེས།ཧོང་ཕོ་གྲོང་སྡེའི་སྡེ་མི་རྣམས་ཀྱིས་རེས་མོས་བྱས་ནས་ལྗོངས་ཁུལ་དུ་རྟ་ཁྲིད་ན།ལོ་རེར་ཡོང་འབབ་ངེས་གཏན་ཞིག་ཡོད་པས།སྡེ་མི་རྣམས་ཀྱིས་ཡུལ་སྐོར་གྱི་ལེགས་ཆ་མཐོང་བ་རེད།
     ཁ་བརྡའི་ཁྲོད་གསར་འགོད་པས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས།སེམས་ཀྱི་ཉི་ཟླའི་སྙན་གྲགས་ས་ཕྱོགས་ཀུན་ཏུ་ཁྱབ་པ་དང་།ཕྱོགས་བཞི་མཚམས་བརྒྱད་ནས་འོངས་བའི་ཡུལ་སྐོར་བའང་ཤིན་ཏུ་མང་།ཧོང་ཕོ་གྲོང་སྡེའི་དེ་སྔོན་ཤིང་ཆ་སྐྱེལ་འདྲེན་བྱེད་པའི་ཁ་ལོ་བ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཡུལ་སྐོར་རླངས་འཁོར་ཉོས་ཏེ་ཡུལ་སྐོར་བ་སྐྱེལ་འདྲེན་བྱས་པར་བརྟེན་ཡོང་འབབ་མང་པོ་རག་ཡོད།ཁྱིམ་ཚང་གི་རྒྱུ་དང་འབྱོར་བ་རྒྱས་པའི་ཆེད་དུ་བསོད་རྣམས་ཚེ་རིང་ཡང་ཁྱིམ་མི་དང་གྲོས་མོལ་བྱས་ནས་ཡང་བསྐྱར་ཚོང་དོན་རླངས་འཁོར་ཉོས་ཏེ་ཡུལ་སྐོར་ལས་ལ་གཞོལ་བ་ཡིན་པ་རྟོགས་བྱུང་།
    བསོད་ནམས།ཤིང་ཆ་འདྲུད་ན་སྒོར་མོ་བཙལ་ཐུབ་པ་ངས་གོ་མྱོང་།མགྲོན་པོ་སྐྱེལ་འདྲེན་བྱས་ན་སྒོར་མོ་བཙལ་ཐུབ་པ་དེ་ངས་ཐེངས་དང་པོ་གོ་བ་ཡིན།ཁྱེད་ཀྱིས་རང་ཚོད་བཟུང་ན་བཟང་།བྱ་བ་སྣ་མང་ལས་ན་ཡག་པོ་མེད་ཅེས་ཁོང་གི་བསམ་ཚུལ་ལ་ཨ་ཕས་འགག་ལན་བྱིན་མོད།འོན་ཀྱང་བསོད་ནམས་ཚེ་རིང་གིས་བསམ་པར་ཤིང་ཆ་མ་འདྲུད་ན་ཁྱིམ་མིའི་ཡོང་འབབ་ཆད་འགྲོ་བས།ངེས་པར་དུ་ཚོད་ལྟ་ཞིག་བྱེད་དགོས།དེ་ནས་ཕྱོགས་བཞིར་སྒོར་མོ་བསྐྱིས་ནས་ཚོང་དོན་རླངས་འཁོར་ཞིག་ཉོས་ཏེ་ཡུལ་སྐོར་ལས་དོན་ཁང་ཞིག་གི་མིང་འོག་ཏུ་བརྟེན་སྦྱོར་བྱས་ནས།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་གཉེར་གྱི་དཔུང་སྡེར་ཞུགས་ཏེ།ཡུལ་སྐོར་ལས་རིགས་ཀྱི་ཟ་མ་ཟོས་པ་རེད།ཁོང་གིས་ཡུལ་སྐོར་ཁྲོམ་རའི་ཁྲོད་དུ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་བརྒྱུད།མགྱོགས་མྱུར་གྱིས་ཡུལ་སྐོར་ཁྲོམ་ར་ལ་རྒྱུས་ལོན་བྱུང་བ་དང་།ཡུལ་སྐོར་བ་མང་པོ་སྣེ་ལེན་བྱས་པ་བརྒྱུད།རང་གི་ལྟ་རྒྱ་མཐོང་རྒྱ་ཡང་ཇེ་ཆེར་སོང་ཡོད།ལོ་གཉིས་ཀྱི་རྗེས་སུ་ཁོང་གིས་འདུག་སྟེགས་29ཅན་གྱི་རླངས་འཁོར་འབྲིང་བ་ཞིག་ཉོས་པ་དང་2011ལོར་འདུག་སྟེགས་39ཅན་གྱི་རླངས་འཁོར་ཆེ་བར་བརྗེ་བ་རེད།ཁོང་གིས་ཡུལ་སྐོར་ལས་རིགས་ཀྱིས་ཁོང་ཚང་ལ་ཕན་ཁེ་མང་པ་སྐྲུན་ཡོད།ད་ལྟ་ལོ་རེར་ཆ་སྙོམས་ཀྱིས་སྒོར་ཁྲི15ཡས་མས་ཀྱི་ཡོང་སྒོ་ཡོད་པ་དང་།ཁུལ་ནང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སྐྲུན་རྗེས།ཁོས་ཆུང་མ་ལྗོངས་ཁུལ་དུ་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད་ལ།བུ་ཆུང་ཡང་ལྗོངས་ཁུལ་དུ་ལས་སྒྲུབ་བྱེད་བཞིན་ཡོད་པས།ལོ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡོད་ལ།ཁྱིམ་མིའི་འཚོ་བ་བདེ་ཞིང་སྐྱིད་པོ་ཡོད།འདི་ཚང་མས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་དངོས་ཕན་ཡིན་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། (པདྨ།)