དབུ་ཤོག >> དཔལ་འབྱོར་འཚོ་བ། >> འབྱོར་ཕྱུག་གཏམ་རྒྱུད།
ཨ་མྱེས་བློ་བཟང་གིས་དེང་གི་བདེ་སྐྱིད་འཚོ་བ་གླེང་བ།
རྩོམ་པ་པོ། པདྨ་མཚོ། དུས་ཚོད། 2017-06-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 215

          ཨ་མྱེས་བློ་བཟང་ནི་འཇོལ་རྫོང་ཨ་གདོང་གྲོང་ཚོའི་གྲོང་མི་ཡིན་ལ། ད་ལོ་ལོ་ན་བརྒྱད་ཅུར་སོན་ཡོད། འདས་ཟིན་པའི་དཀའ་ཚགས་ཆེ་བའི་ལོ་ཟླ་དག་ཕྱིར་དྲན་དང་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་གླེང་དུས་ཁོང་གིས་མི་རྣམས་ལ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་འཇུག་ཡོད་ཅེས་རྒྱུན་དུ་བཤད་རྒྱུར་དགའ།
          ཨ་མྱེས་བློ་བཟང་གིས་སྤྱི་ཚོགས་རྙིང་བའི་སྐབས་སུ་ལུས་སུ་གོན་པ་གསར་བ་གྱོན་རྒྱུ་གང་ན་ཡོད། རང་གི་ལྟོ་ཡང་རྒྱགས་མི་ཐུབ།དེ་སྔོན་ངའི་ཁྱིམ་ཚང་ཧ་ཅང་དབུལ་བོ་ཡིན་ཏེ། ཆུང་དུས་སུ་ལྟོགས་སྐོམ་མང་པོ་མྱོང་སོང་། རང་གི་ན་ཟླའི་ནང་ཆུང་དུས་སུ་ལྟོགས་སྐོམ་མྱངས་ནས་ཚེ་ལས་འདས་མཁན་མང་ལ། ནད་ཀྱིས་གདུང་ནས་ཚེ་ལས་འདས་པའང་རེ་འགའ་ཡོད། ཆུང་དུས་སུ་ཁང་བ་ཟེར་བ་ནི་ཤིང་ལེབ་ཀྱིས་བཀབ་པའི་ཁང་ཆུང་ཞིག་ཡིན་ལ། དབྱར་དུས་ཆར་ཆུ་ཡིས་སྦངས་ལ་དགུན་དུས་ཁ་བས་བཙིར། མི་དང་ཕྱུགས་ཟོག་མཉམ་དུ་ཉལ་བཞིན་ཡོད་ཅེས་འདས་ཟིན་པའི་དཀའ་སྡུག་གི་ལོ་ཟླ་ཕྱིར་དྲན་བྱེད་དུས་ཨ་མྱེས་བློ་བཟང་གི་གདོང་དུ་སྡུག་སྣང་ཤར་བཞིན་དེ་ལྟར་བཤད་བྱུང་།
          བཅིངས་འགྲོལ་བྱས་རྗེས། མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་ནས་ཇེ་ལེགས་རེད། ད་ལྟ་ལྟོ་རྒྱགས་མི་ཐུབ་པའི་མི་གཅིག་ཀྱང་མེད་ལ། ཟས་གོས་ཐད་དུ་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་རེད། སྡེ་མི་རྣམས་གཅིག་ལས་གཅིག་ཕྱུག སྐྲུན་པའི་ཁང་བ་གཅིག་ལས་གཅིག་བཟང་། ཁྱིམ་ཚང་མང་ཆེ་བ་རླངས་འཁོར་ཡོད།ད་ལྟ་ལམ་ཡང་བཟང་བས་གང་དུ་སོང་ནའང་སྟབས་ཧ་ཅང་བདེ། འདི་ཚང་མ་ད་སྐབས་ཀྱི་སྲིད་ཇུས་བཟང་བོའི་དྲིན་ཡིན་ཞེས་དགའ་ལྷང་ལྷང་གིས་དེང་གི་བདེ་སྐྱིད་ཀྱི་འཚོ་བ་བཤད་བྱུང་།
          ད་ལྟ་ཨ་མྱེས་བློ་བཟང་ཚང་གི་ར་སྐོར་ཕྱུགས་ཀྱིས་བཀང་ཡོད་ལ། ཁྱིམ་ཁར་བུ་ཡིས་བཀང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། ཉེ་བའི་ལོ་བཅུ་ལྷག་རིང་། ཁོང་ཚང་གིས་གཅིག་རྗེས་གཉིས་མཐུད་དུ་བོད་ཁང་གསུམ་སྐྲུན་ལ། སྒོ་མདུན་དུ་རླངས་འཁོར་ཡང་གཉིས་བཞག་ཡོད་པ་རེད། ཁྱིམ་མི་རྣམས་ཀྱིས་ཤ་མོ་དང་དབྱར་རྩྭ་དགུན་འབུ་འཐུ་ན་ལོ་རེར་ཕལ་ཆེར་སྒོར་ཁྲི་བཅུ་ཡས་མས་ཀྱི་ཡོང་སྒོ་ཡོད་ལ། གཞན་རང་གི་བུ་ཕྲུག་ཆུང་བས་ཚོང་གཉེར་བྱེད་བཞིན་ཡོད་པ་དང་། ཚ་བོ་དང་ཚ་མོ་གཉིས་ཀས་ཡང་གཞུང་ཞབས་པའི་བྱ་བ་ལས་བཞིན་ཡོད་པས། ཁྱིམ་ཚང་གི་ཆ་རྐྱེན་ནི་ལོ་རེ་ལས་ལོ་རེར་བཟང་བ་རེད།
          ཨ་མྱེས་བློ་བཟང་གིས་ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ལོ་རེ་ནས་ལོ་རེ་བཟང་བ་དང་། ཟས་གོས་འགྲོ་སྡོད་ལ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རྒྱལ་ཁབ་ཀྱིས་ང་ཚོ་རྒན་རྒོན་ལ་ཁ་གསབ་མ་དངུལ་སྣ་མང་གནང་བ་མ་ཟད། ད་ལྟ་ནད་བསྟེན་ནའང་དམངས་ཕན་སྲིད་ཇུས་མང་པོ་འདུག འདི་འདྲའི་འཚོ་བ་རོལ་ཐུབ་རྒྱུ་དེ་སྔོན་བློ་ངོར་ཡང་ཤར་མེད་ལ།བསམ་ཡང་བསམ་མི་ཕོད། ང་ཚོས་གུང་ཁྲན་ཏང་གི་སྲིད་ཇུས་གསར་བ་ལ་བཀའ་དྲིན་ཆེ་ཞུ་དགོས་ཞེས་ངོ་ལ་འཛུམ་གྱིས་ཁེངས་ནས་བཤད་བྱུང་།

རྩོམ་སྒྲིག་པ། (པདྨ།)