དཀར་མཛེས་ཀྱི་མིང་གི་འབྱུང་ཁུངས།
དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བོད་ཀྱི་ལོ་རྒྱུས།
དཀར་མཛེས་ཀྱི་མིང་གི་འབྱུང་ཁུངས།
རྩོམ་པ་པོ། དཀར་མཛེས། དུས་ཚོད། 2017-06-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 399

 དཀར་མཛེས་རྫོང་ཞེས་པ་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་དེ་ཧོར་བཀའ་བཅུ་ནམ་མཁའ་འོད་ཟེར་གྱིས་ས་དཔྱད་བྱས་ཏེ། བླ་མ་བྱ་བྲལ་བ་ཞིག་འདི་ཕྱོགས་སུ་ཕེབས་ནས་དེས་ལུང་བསྟན་མཛད་དེ་རི་ཡ་གི་རྡོ་དཀར་པོ་མང་པོ་ཡོད་སའི་ས་དེར་བྲག་ངོ་དགོན་པ་ཡར་སྤོས་ནས་དགོན་སྡེ་ཞིག་བཏབ་ན་མཐའ་རུ་དགོན་པ་རྒྱས་པ་ཡོང་གསུངས་པས་དགོན་མིང་དང་ས་ཆ་དེའི་མིང་གཉིས་ཀར་དཀར་མཛེས་ཞེས་མིང་བཏགས་པ་དང་།  ལ་ལས་དཀར་མཛེས་ཆུ་ལེན་ས་འགོའི་རྒྱབ་ཕྱོགས་སུ་རྡོ་གཡང་དཀར་ལུག་ལྟར་ཞིག་ཡོད་པས་མིང་དེ་ལྟར་བཏགས་པར་གྲགས།

 

 

        ཡང་ཁ་ཤས་ཀྱིས་དཀར་མཛེས་དགོན་པ་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྟག་སྟེ་སྤྱི་ལོ1662ལོར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་ཅིང་། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་བཞེངས་སྐབས། བཀྲ་ཤིས་ཚེས་བཟང་ཞིག་སྐར་འཛིན་དུ་བདམས་ནས་རྨང་གཞི་འདིང་བའི་མཛད་སྒོ་སྤེལ་རྗེས་དགོན་པ་རྙིང་པ་བཤིག་སྟེ་དགོན་པ་གསར་པ་བཞེངས་པར་དགོན་པ་འདི་ཨང་དང་པོར་བཏབ་པས་སྐར་འཛིན་དགོན་ཞེས་མཚན་བཏགས་པས་དགོན་མིང་ས་མིང་དུ་ཆགས་ཏེ་སྐར་འཛིན་ཞེས་གྲགས། བཤད་སྲོལ་གཞན་ཞིག་ལ། ཁོང་གིས་རྡོ་དཀར་པོ་མང་པོ་ཡོད་པའི་སར་དགོན་པ་འདི་བཏབ་པས་དཀར་མཛེས་ཞེས་མིང་ཆགས་ཀྱང་ཟེར།  

དཀར་མཛེས་ཀྱི་གནས་ཚུལ་མདོར་བསྡུས།

        དཀར་མཛེས་རྫོང་དེ་སི་ཁྲོན་ནུབ་རྒྱུད་དང་། དཀར་མཛེས་ཁུལ་གྱི་བྱང་ངོས་སུ་གནས་ཤིང་། འབྲི་ཆུའི་ཆུ་ལག་སྟེ་ཉག་ཆུའི་སྟོད་རྒྱུད་དང་། ཤར་བྲག་འགོ་རྫོང་ལ་འབྲེལ་ཡོད་པ་དང་། ནུབ་སྡེ་དགེ་རྫོང་དང་མཐའ་འབྲེལ་བ། ལྷོ་ཉག་རོང་རྫོང་དང་དཔལ་ཡུལ་རྫོང་གི་ས་མཚམས་དང་འབྲེལ། བྱང་སེར་ཤུལ་རྫོང་དང་གསེར་ཐར་རྫོང་། མཚོ་སྔོན་ཞིང་ཆེན་བཅས་ལ་བརྟེན་ཡོད། དཀར་མཛེས་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་7357ཡོད་པ་དང་། མི་གྲངས་བསྡོམས་འབོར་68523ཡོད། དཀར་མཛེས་རྫོང་གི་མངའ་ཁོངས་སུ་བོད་རིགས་དང་རྒྱ་རིགས། ཧུའུ་རིགས། མིའོ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་བཅུ་གཅིག་དང་། བོད་ཀྱི་མི་འབོར་གྱི་བརྒྱ་ཆ་95ཡན་བཟུང་ཡོད། དཀར་མཛེས་རྫོང་ལ་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་ཅིང་རིག་གནས་སྣ་མང་མཉམ་དུ་གནས་པ་དང་དམངས་ཁྲོད་སྒྱུ་རྩལ་སྣ་མང་ཕུན་སུམ་ཚོགས་པ། གླུ་གར་དང་ཞབས་བྲོ། གཞས། སྐོར་བྲོ། ཨ་ཅེ་ལྷ་མོ། ཡིག་གཟུགས་དང་རི་མོ། བརྐོས་རིས། འཇིམ་བཟོ། ལྷག་པར་དུ་དཀར་མཛེས་ཐིག་ཐ་ཞབས་བྲོ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་རེད། དཀར་མཛེས་དགོན་དང་རྫ་དར་རྒྱས་དགོན། སྡེ་མགོན་ཁང་། སྟོང་སྐོར་དགོན། བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེའི་ཕོ་བྲང་གི་ཤུལ་བེ་རི་དགོན་སོགས་དགོན་སྡེ་ཆེ་ཕྲ་མང་།

དཀར་མཛེས་ཐིག་ཐ་ཞབས་བྲོ།

     

   དཀར་མཛེས་ཐིག་ཐ་ཞབས་བྲོ་ཞེས་པ་འདིའི་མིང་ནི་བྲོ་འཁྲབ་དུས་ཐིག་སྒྲའམ་ཐིག་སྒྲ་མང་ཞིང་མྱུར་བ།ཐིག་སྒྲའི་འགྱུར་བ་འདྲ་མིན་གྱིས་མི་སེམས་འགུལ་བའི་ནུས་པ་ལྡན་ལ། རྡོག་པའི་ཐིག་སྒྲ་ཆེས་ཐོན་དཀའ་བ་མང་པོ་ཕྱོགས་བསྡུས་བྱས་པའི་བྲོ་རིགས་ཤིག་ཡིན། འདི་ནི་གཙོ་བོ་རྐང་པའི་རྡོག་སྒྲ་སྟེ་ཐིག་ཐ་སྒྲ་མང་བ། རྡོག་སྒྲའི་བྱེད་ལས་གཙོ་བོ་ཡིན་པས་ཐིག་ཐ་ཟེར། ཐིག་ཐ་ཞབས་བྲོ་རྡུང་ཤེས་ན་བྲོ་ཆེན་དང་གཞས་སོགས་རང་བཞིན་གྱིས་རྡུང་ཤེས་ཀྱི་ཡོད། ཐིག་ཐ་འདི་བརྡུངས་ན་ཞབས་བྲོའི་གོ་ཆོད་པར་མ་ཟད་ལུས་རྩལ་སྦྱོང་བརྡར་བྱེད་པའི་གོ་ཡང་ཆོད།

        དཀར་མཛེས་ཐིག་ཐ་ནི་ཐོག་མར་དབུས་ལྷ་ལྡན་ཞིང་གི་གདན་ས་ཁག་ཏུ་དར་བ་དང་། ཕྱིས་སུ་རྫ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དཀར་མཛེས་དགོན་པ་རྒྱ་ཆེར་བསྐྱེད་རྗེས་གྲྭ་པ་རྣམས་གྲྭ་སར་སོང་ནས་ཐིག་ཐ་ཞབས་བྲོ་འདི་སྦྱངས་ནས་དར་སྤེལ་བྱུང་བ་ཞིག་རེད་འདུག

        བྲོ་ཚིག་གི་རིགས་ལ་བླ་གྲྭ་དང་ཕ་མ། དཔོན་དང་སྡེ་ལ་བསྟོད་པ་སོགས་མང་ངོ་། ། 

དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ།

       

 བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་གྲགས་ཆེན་ཁམས་དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་དཔག་བསམ་དོན་གྲུབ་མཆོག་གིས༼དགེ་རྟག་གཞས་ཚིག་གི་ཞལ་ཐང་རིང་མོ༽ཞེས་པའི་བྲིས་གཟུགས་ཀྱི་ཞལ་ཐང་གསར་བཞེངས་གནང་ཞིང་། རིང་ཚད་ལ་སྨི་142.8དང་ཞེང་ལ་སྨི་0.8ཡོད་ལ།

        ནང་དོན་ཀྱི་ཐད་ལ་དགེ་རྟག་རིན་པོ་ཆེའི་གཞས་སུམ་ཅུ་ཙམ་འཚོལ་སྡུད་བྱས་ཡོད་པ་བརྗོད་གཞིར་བྱས་ཤིང་། ལཉྫ་དང་ཝརྟུ། དབུ་ཅན། འབྲི་ཚ། དཔེ་ཚུགས། ཁམས་ཀྱི་མཛེས་རིས། འཁྱུག་ཡིག་སོགས་ཡིག་གཟུགས་སྣ་མང་གིས་གྲུབ་ལ། བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད། ཡི་གེ་དང་མཐའ་རྒྱན་དམར་པོ་དང་སེར་པོ། དཀར་པོ་དང་ནག་པོ་བཅས་ཁ་དོག་བཞི་བྱས་ཤིང་དེས་ཞི་རྒྱས་དབང་དྲག་མཚོན་པར་བྱས་པ་དང་།

        ཞལ་ཐང་འབྲི་བྱེད་སྨྱུ་གུ་ནི་སྲོལ་རྒྱུན་གྱི་སྨྱུག་མའི་སྨྱུ་གུ་དང་། དེང་རབས་ཀྱི་པུར་གྱིས་བྲིས་པས་གནམ་ས་དང་རི་ཆུ་ཕོ་མོ་སོགས་མཚོན་པར་བྱས་ཡོད་པའི་བོད་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་པའི་སྙིང་བཅུད། ཡིད་ཆེས་དང་དད་འདུན་སོགས་མཚོན་པར་བྱས་ཡོད་པའི་སྔར་མེད་འཛམ་གླིང་རང་བཞིན་གྱི་དབྱངས་གསལ་སོ་བཞིའི་ཡིག་གཟུགས་ཀྱིས་ལེགས་པར་གྲུབ་པའི་གསེར་གྱི་བུམ་བཟང་ཞིག་ཏུ་གྱུར།

ཧོར་རོང་པ་ཚའི་གླིང་གི་རྗེས་ཤུལ་སྐོར།

        དཀར་མཛེས་རྫོང་ནས་ཡར་ལེ་དབར་སུམ་ཅུ་དང་སྡེ་དགེ་ཨ་ཕྱུག་ནས་མར་ལེ་དབར་བརྒྱ་དང་སུམ་ཅུ་ཙམ་གྱི་མཚམས་སུ་ཆགས་པའི་ས་གནས་དེ་ལ་ཧོར་རོང་པ་ཚ་ཟེར། འདི་ན་གནས་པའི་མི་སྡེ་དག་གིས་ཀྱང་གེ་སར་གླིང་སྒྲུང་ལ་མཐོང་ཆེན་གནང་བར་མ་ཟད་སྒྲུང་ཕལ་ཆེར་བློ་ལ་བཤད་ཐུབ་མཁན་མང་། ཁྱད་པར་དུ་ས་གནས་འདིའི་མང་ཚོགས་དག་གིས་སྒྲུང་ལ་ཆེས་དགའ་བོ་གནང་བ་དང་། སྒྲུང་ཉན་བཤད་ཀྱི་བསྟན་པ་རྒྱ་ཆེ་དར་ཡོད། དཔེར་ན་ཧོར་སེར་ཁག་ལྔ་སྟེ། རྟའུ། བྲག་མགོ  ཏྲེ་བོ།དཀར་མཛེས། སྟོང་སྐོར་ལྔ་ལ་ཟེར་གྱིན་ཡོད།

  དེ་ལྟར་ན་གནས་འདི་ལ་ཏྲེ་ཧོར་རོང་པ་ཚ་ཞེས་སྔོན་ནས་དེང་བར་གྲགས་པས་ཧོར་གྱི་བསྟན་པ་དར་ཡོད་ཁོ་ཐག་རེད། ཡང་རོང་པ་ཚ་རང་ན་འདན་མ་ཁག་ཅེས་གྲོང་སྡེ་ཞིག་ཡོད། དེང་མིང་འདི་སྡེ་ཤོག་ལ་བཏགས་ནས་འདན་མ་སྡེ་ཤོག་ཟེར་གྱིན་ཡོད། གེ་སར་གྱི་ཆིབས་རྟ་འདོ་རྗེ་རྐྱང་རྒོད་ཡང་གནས་དེར་བྱུང་བ་ཡིན་ཞིང་ད་དུང་གནས་འདི་ན་ཇོ་རུས་འུར་རྡོ་ཡིས་འཕངས་པའི་རྡོ་ཡ་མཚན་ཅན་དང་། འདོ་རྗེ་རྐྱང་རྒོད་ཀྱི་ཞབས་རྗེས། འབྲུག་མོའི་ཐབ་ཀ་སོགས་ཆེས་མང་ཞིང་། དེ་དག་ལ་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡོད།

དབྱེན་ཟླུམ་མཆོད་རྟེན།

        དཀར་མཛེས་ཀྱི་ཆེས་གཟི་བརྗིད་ལྡན་ཞིང་རྫོང་གི་རྟགས་མཚན་ཅན་གྱི་འཛུགས་སྐྲུན་ལ་གྱུར་བ་ནི་མཁར་སྒོའི་ལྷོ་འགྲམ་དུ་སྐུ་ཞབས་ནག་ཚང་གིས་གཙོར་བཞེངས་པའི་གྱེན་དུ་འཕྱོ་བའི་དབྱེན་ཟླུམ་མཆོད་རྟེན་ཡིན་ཏེ། མཐོ་ཚད་ལ་སྨི་གསུམ་ཅན་གྱི་ཁང་བརྩེགས་བཅོ་ལྔ་ཙམ་ཡོད་པ་དང་། གསེར་གྱིས་བཞེངས་པའི་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་ལྷ་སྐུ། ད་དུང་ཕྱོགས་གཉིས་སུ་མཆོད་རྟེན་ཆུང་ཆུང་བརྒྱ་དང་བརྒྱད་ཀྱིས་བསྐོར་ཞིང་རོང་ཚ་སྤྲུལ་སྐུས་སྤྱིའི་ཇུས་འགོད་གནང་ཡོད།

སྡེ་མགོན་པོ།

     རྫོང་གི་དཀྱིལ་དུ་མིག་སྔར་དཀར་མཛེས་རྫོང་གི་མངའ་ཁོངས་སུ་ཆེས་སྔ་བའི་གནའ་རབས་འཛུགས་སྐྲུན་ཞིག་སྟེ་སྡེ་མགོན་པོ་ཡིན། འདི་ནི་བོད་ཤིང་ཁྱིའི་སྤྱི་ལོ1274ལོར་ཐོག་མར་བཞེངས་ནས། ད་ལྟའི་བར་དུ་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད། སྡེ་མགོན་པོའི་སྐོར་ལ་ལོ་རྒྱུས་དང་ངག་རྒྱུན་གཉིས་ཀ་བཤད་སྲོལ་མང་པོ་འདུག   ངག་རྒྱུན་དུ་ལྷའི་གུར་གྱི་མགོན་པོ་ཡིད་བཞིན་ནོར་བུ་བཞུགས་པའི་བསྟི་གནས་འདི་མཚེའུ་ཞིག་ཡིན་པར་གྲགས། བོད་ལྕགས་གླང་སྟེ641ལོར་འུན་ཤིང་ཀོང་ཇོ་ཞི་ཨན་ནས་བོད་དུ་ཆིབས་ཁ་བསྒྱུར་སྐབས། དྲེལ་དཀར་དེ་མཚེའུ་འདིར་ཉལ་ཏེ་ཕྱི་ཉིན་ཆུ་མིག་ཅིག་ཏུ་གྱུར་འདུག་ཅིང་ཏྲེ་ཤོད་མཎ་ཌལ་ནོར་བུ་ཐང་ཞེས་པའི་མཚན་གསོལ། 1274ལོའི་དཔྱིད་ཀར། འགྲོ་མགོན་འཕགས་པའི་གསུང་བཞིན་སྒ་ཨ་མྱེས་དམ་པ་ཞེས་པས་ཡུལ་དེ་ཉིད་དུ་སྡེ་མགོན་པོ་བཞེངས་རྒྱུའི་གཙོ་འགན་བཞེས། ཧོར་སྲས་དབང་གིས་སྦྱིན་བདག་མཛད་དེ། སྡེ་མགོན་པོའི་གཞི་ཁྱོན་སྨི་གྲུ་བཞི་མ3875ལ་ཟིན། དེའི་ནང་ནས་སྨི་གྲུ་བཞི་མ1350ལ་འཛུགས་སྐྲུན་བྱས་ཡོད་པ་རེད་ཅེས་གྲགས།

དཀར་མཛེས་ཆུ་གཤེར་རྩམ་པ།

        དཀར་མཛེས་ཆུ་གཤེར་རྩམ་པ་ནི་ཡུལ་དུས་དང་ས་གཤིས་རྒྱུ་སྤུས་ལས་སྣོན་བཅས་ཀྱི་ཐད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་། ནས་ཆུར་བཀྲུས་ཏེ་ས་རྡོ་དང་ཡུག་པོ་སོགས་གཙང་མ་བསལ་རྗེས་ཉི་སྐམ་བཏང་སྟེ་ཕྱི་དྲོ་ནས་ཀྱི་དྲོད་མ་ཡལ་གོང་ནས་ཟངས་ཁྲོ་སོགས་ནང་ཆུ་འཁོལ་བཞིན་པའི་ནང་སྦངས་ཙམ་བྱས་ཏེ་ཚགས་ཅན་གྱི་སློ་མར་བླུགས་ནས་ཆུ་ཟགས་ཚར་བའི་མོད་ལ་རྩྭ་སོག་གདན་དུ་བཏིང་བའི་སྒྱེ་མོའི་ནང་འཇོག་པ་དང་དེའི་ཕྱི་ངོས་ཀྱི་ཕྱོགས་ཐམས་ཅད་ནས་གོས་དང་ཕྱར་ར་སོགས་ཀྱིས་དམ་པོར་བཏུམས་ཏེ་ཞག་གཅིག་བསྙལ་ནས་དེའི་ཞོགས་པ་སྔ་མོར་རྔོད་སླང་ནང་བྱེ་མ་དང་ལྷན་དུ་རྔོད་དགོས་ཤིང་དེ་འདྲ་བྱས་ནས་བརྔོས་པའི་ཡོས་དེ་ཚོས་མགྱོགས་ལ་འཚིག་དཀའ་བའི་དགེ་མཚན་ཐོན་གྱི་ཡོད།

        ཡོས་དེ་གོ་སློ་ཐེངས་གཅིག་བརྒྱབ་རྗེས་དང་དོད་ཚ་བ་རྣམས་ཀྱིས་ད་རུང་ཡོས་སྒྱེ་ནང་བླུགས་ནས་འཕུར་འཕུར་བཏང་སྟེ་ཡོས་ལྤགས་ཀྱང་གཙང་ཕུད་བྱས་རྗེས་ད་གཟོད་མཆིག་འཁོར་དུ་ལེགས་བཏག་བྱེད་ཀྱི་ཡོད་ལ་དེ་འདྲ་ལས་བྱུང་བའི་རྩམ་པ་ནི་ཁ་དོག་ལེགས་ཤིང་དྲི་ཞིམ་ལ་རོ་བཅུད་བཟང་བ་ཞིག་ཏུ་འོང་གི་ཡོད།

མདོ་ཁམས་ཏྲེ་ཧོར་རོང་པ་ཚའི་རྫ་བཟོ་ལག་རྩལ།

      དེ་ཡང་བོད་དུ་གཉའ་ཁྲི་བཙན་པོའི་གོང་གི་དུས་སྐབས་སྔ་མོ་ཞིག་འགོང་པོ་སྦུན་དགུ་སོགས་ཀྱིས་དབང་བསྒྱུར་སྐབས་སུ་ཡང་རྫ་མ་བཟོ་མཁན་དང་། རྡོ་བཟོ། ཤིང་བཟོ། རུས་བཟོ། ལྕགས་བཟོ། བལ་བཟོ་སོགས་ལག་རྩལ་དར་ཡོད་ཅེས་ཡིག་ཆ་འགའ་ཞིག་ནང་མཐོང་བ་ལྟར། རྫ་ཆས་བཟོ་པའི་ལག་རྩལ་རྒྱུན་ལྡན་དུ་བྱུང་བའི་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་སྤྱི་དང་། བྱེ་བྲག་ཧོར་ཁོག་ཁག་ལྔའི་ཡ་གྱལ་ཏྲེ་ཧོར་རོང་པ་ཚའི་གར་མདའམ་གར་ཟླ་གྲོང་གི་རྫ་མཁན་རྣམས་ཀྱིས་རྫ་སྣོད་བཟོ་བའི་ཚེ་གསེར་བྱུག་དང་དངུལ་བྱུག  སྐྱ་ག  ཁྱིམ་སྤྱོད་རྫ་ཆས་སྒྲོས་ཚུགས་ཆེ་བའི་གནམ་རྡུང་། བུ་ལུ་ཆུ་ཁྲིད། སྨྱུག་མའི་ཀྲི། རྫ་ཀྲི་རྫ་གཟོང་། འབིག  བརྐོས་པར། སྐོས། མས་གཞིའམ་འཁོར་གདན་བཅས་བཟོ་བོའི་བཟོ་བྱེད་ཀྱི་ལག་ཆ་ལ་བརྟེན་ནས་རྫ་མ་ཇི་ལྟར་གྲུབ་ཚུལ་མདོར་བསྟན་པའོ། །

དཀར་མཛེས་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

 

        དཀར་མཛེས་རྫོང་གྲོང་གི་ལམ་སྒྲོན་ནི་གཞུང་རྟ་གྲུ་བཞི་བཞི་གཤིབ་ཅན་གྱི་ཐོག་ལ་པད་མ་འདབ་བརྒྱད་བཞད་པའི་ཚུལ་གྱི་སྒྲོན་སྣོད་འགེལ་བ་དང་། དཀྱིལ་དུ་རབ་ཏུ་དཀར་བའི་པད་མའི་མེ་ཏོག་མཆོད་ཀོང་གི་དབྱིབས་སུ་གྲུབ་པས་བརྒྱན་ཡོད་ཅིང་། ས་ཆ་འདི་དཀར་ཞིང་གཙང་ལ་རབ་ཏུ་མཛེས་པའི་མེ་ཏོག་པད་མ་དང་མཚུངས་པའི་དོན་བསྟན་པས་ས་གནས་རིག་གནས་ཀྱི་ཤན་ཞུགས་ཤིང་། ཚོན་མདངས་དམར་སེར་སྤྱད་པས་མཛེས་རྔམ་ཆེའོ། །

 

རྩོམ་སྒྲིག་པ། (Test)