དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་རིག་གནས།
དགོན་སྡེ་རུ་རྒྱུན་དུ་མཐོང་བའི་བཟོ་བཀོད་འགའི་མཚོན་དོན།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-07-20 རྩོམ་ཁུངས། མི་གསལ། ཀློག་གྲངས། 145

རི་དྭགས་ཆོས་འཁོར།

      རི་དྭགས་ཆོས་འཁོར་ནི་རི་དྭགས་གཉིས་པོ་ཆོས་འཁོར་གཡས་གཡོན་ལ་ཁ་ཕྱོགས་ནས་བཀོད་ཅིང་། ཕོ་གཡས་དང་མོ་གཡོན་དུ་གནས། དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ན་ངེས་པར་དུ་ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་བྱེད་དགོས་པའི་ནང་པ་སངས་རྒྱས་པའི་རིང་ལུགས་གཏིང་ཟབ་མཚོན།

ཆུ་སྲིན་མགོ

       ཆུ་སྲིན་མགོ་ནི་སེང་གེའི་སྡེར་མོ་དང་། གླང་པོ་ཆེའི་སྣ། ཆུ་སྲིན་གྱི་མཆེ་བ།  སྤྲེའུའི་མིག ཕག་རྒོད་ཀྱི་རྣ་བ། ཉ་ཡི་ལུས་སོགས་སྣ་ཚོགས་པའི་རི་མོ་ལས་གྲུབ་པའི་སྲོག་ཆགས་ཤིག་གི་གཟུགས་ཏེ། བྱེད་ལས་ནི་དེ་མདའ་ཡབ་ཀྱི་གྲུ་ཟུར་དུ་བཞག་ཚེ་དེའི་ཁ་ནས་སྐུད་པ་དྲངས་པ་ལ་དྲིལ་བུ་དང་སིལ་སྙན་རིན་ཆེན་ཕྲེང་བ་སོགས་དྲ་བ་དྲ་ཕྱེད་དུ་འདོགས་པ་ནི་ཆོས་ཀྱི་སྒྲ་སྙན་པར་སྒྲོག་པའི་མཚོན་བྱེད་ཙམ་མོ།

ཐུག

      ཐུག་ཅེས་པ་ནི་གཡག་གི་རྩིད་པ་ནག་པོ་ལས་གྲུབ་པའི་ཐུག་རལ་དང་། ལྕགས།  མེ་རི་གསུམ་དང་ལྡན་པ་ཞིག་ཡིན། མགོན་ཁང་གི་དབུ་རྩེར་ཐུག་འཛུགས་དགོས་དོན་ནི་ཆོས་སྐྱོང་སྲུང་མའི་མཚོན་དོན་དང་། གཞན་དབྱར་གནས་སོགས་ཀྱི་སྐབས་སུ་དགོན་པའི་མཁར་སྟེང་དུ་བཙུགས་ཡོད་ཚེ་བུད་མེད་སོགས་ནང་དུ་འགྲོ་མི་ཆོག་པའི་སྲོལ་རྒྱུན་སོགས་ཡོད་པ་རེད།

མི་མཐུན་ཕྱོགས་ལས་རྣམ་རྒྱལ།

       མི་མཐུན་ཕྱོགས་ལས་རྣམ་རྒྱལ་ནི་མི་མཐུན་ཕྱོགས་ལས་རྒྱལ་བའི་རྟགས་མཚན་མཚོན་བྱེད་དུ་སྲོག་ཆགས་གསུམ་གྱི་མཚནམ་ཡོད་པ་ལ་རྒྱལ་མཚན་ཞེས་ཟེར། སྲོག་ཆགས་དེ་དག་ནི་དུང་དང་ཆུ་སྲིན་འདུས་པ་ལས་ལུས་པོ་དུང་ལ་མགོ་བོ་ཆུ་སྲིན་ཡིན་པ་དང་། ཉ་དང་སྲམ་འདུས་པ་ལས་ལུས་པོ་སྲམ་ལ་མགོ་བོ་ཉ་ཡིན་པ། ཁྱུང་དང་སེང་གེ་འདུས་པ་ལས་ལུས་པོ་སེང་གེ་ལ་གཤོག་པ་ཡོད་པ་དང་མགོ་བོ་ཁྱུང་ཡིན་པ་བཅས་བྱུང་བ་དེར་ཟེར།

 

རྩོམ་སྒྲིག་པ། (པདྨ།)