དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
༄༅།།གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་བའི་སྐོར་ལ་ཞི་ཅིན་ཕིང་གིས་སློབ་སྟོན་གལ་ཆེན་
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 3801

མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21:19སྐབས། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གཟི་ཚ་སྡེ་དགུ་རྫོང་(འཕྲེད་ཐིག་བྱང་མའི་ཏུའུ་33.2དང་གཞུང་ཐིག་ཤར་མའི་ཏུའུ་103.82བར་མཚམས)དུ་ས་ཡོམ་རིམ་པ་7.0བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་20ཡོད་པ་རེད། ཚེས་8ཉིན་གྱི་ཆུ་ཚོད་23:30སྐབས། ས་ཡོམ་གྱི་གནོད་འཚེའི་ཁྲོད་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་70ལ་རྨས་སྐྱོན་ཕོག་ཡོད་པ་རེད།
            ས་ཡོམ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་གནང་སྟེ་གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་བའི་གནོད་སྐྱོན་གྱི་གནས་ཚུལ་འཕྲལ་མར་ཆ་རྒྱུས་ལེན་དགོས་པ་དང་། འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་མྱུར་སྐྱོབ་བྱེད་དགོས་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་རྨས་མར་སྨན་བཅོས་བྱེད་པ། ཡུལ་སྐོར་བ་དང་གནོད་འཚེ་བྱུང་བའི་མང་ཚོགས་ཁ་འགྲེམ་བདེ་བར་འགོད་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་རྨས་མ་ཤི་སྐྱོན་འབྱུང་ཚད་ཉུང་དུ་གཏོང་དགོས་པ་བཅས་ཀྱི་སློབ་སྟོན་གལ་ཆེན་གནང་བ་རེད། ད་ལྟ་ནི་ཞོད་དུས་སུ་ཁེལ་ཡོད་ལ། ཡུལ་སྐོར་མང་དུས་ལའང་ཁེལ་བས། གནམ་གཤིས་སྔོན་བརྡ་དང་ས་གཤིས་བརྟག་དཔྱད་ལ་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེའི་རིགས་སྔོན་འགོག་དམ་ནན་བྱས་ཏེ་གནོད་སེལ་རྒུད་སྐྱོབ་ལས་དོན་ཡག་པོར་བསྒྲུབ་དགོས་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་སློབ་སྟོན་གནང་སྟེ་གནོད་འཚེ་བྱུང་བའི་གནས་ཚུལ་ཆ་རྒྱུས་བླངས་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་ཉེན་འགོག་དང་། རྨས་མ་རྐྱེན་ལམ་དུ་ཤོར་གྲངས་ཇེ་ཉུང་དུ་གཏོང་ཅི་ཐུབ། གནོད་འཚེ་བྱུང་བའི་མང་ཚོགས་བདེ་འགོད་ལེགས་པོར་བྱེད་པ། ས་ཡོམ་གྱི་གནས་ཚུལ་ལ་རྟོག་ཞིབ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
             ཞི་ཅིན་ཕིང་གི་སློབ་སྟོན་དང་ལི་ཁེ་ཆང་གི་བླང་བྱར་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་གནོད་སེལ་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ལས་གྲུབ་པའི་ལས་དོན་ཚོ་ཆུང་ཡུལ་དངོས་སུ་ཡོམ་འགོག་གནོད་སེལ་བཀོད་འདོམས་བྱེད་པར་མངགས་པ་རེད། སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་མྱུར་སྐྱོབ་ལས་དོན་སྤེལ་ཡུལ་དུ་སྐྱོད་ཡོད་པ་རེད། སི་ཁྲོན་ཞིང་ཆེན་དང་རྔ་པ་ཁུལ་གྱིས་Iརིམ་པའི་ས་ཡོམ་འཕྲལ་སྡོམ་བྱེད་ཐབས་སྤྱོད་འགོ་ཚུགས་ཡོད་ལ། ད་ལྟ། ཡོམ་འགོག་གནོད་སེལ་གྱི་ལས་དོན་ཕྱོགས་ཡོངས་ནས་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། (ཚེ)