དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་གཟབ་རྒྱས་ངང་འགོ་བརྩམས།
རྩོམ་པ་པོ། བོད་ཀྱི་དྲ་བ། དུས་ཚོད། 2017-08-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 205

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྒྱ་མཚོ། མཁའ་མཚོ་སྐྱིད།)ཟླ8པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་གཟབ་རྒྱས་ངང་སྤེལ་འགོ་བརྩམས། ཐེངས་འདིའི་འགྲན་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཕུན་ཁྲོན་དང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབང་མོ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཁས་པ། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་བསོད་ནམས་དོན་འགྲུབ་སོགས་འབྲེལ་ཡོད་མགོ་ཁྲིད་ཞུགས་ཡོད།  

    ཞིང་ཆེན་ཡོངས་ནས་ཐོན་པའི་འགྲན་ཞུགས་རུ་ཁག19ཡི་ལུས་རྩལ་པ1656ཐེངས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་ལ། མི་རིགས་ལུས་རྩལ་འགྲན་ཚོགས་སྔོན་མ་དང་མི་འདྲ་ས་ནི་འགྲན་བསྡུར་ཁྲོད་ཐོག་དང་པོ་སྐྱེས་པའི་རྐང་རྩེད་སྤོ་ལོ་དང་སྐྱེས་མའི་མདའ་འཕེན་རྣམ་གྲངས་ཁ་སྣོན་བྱས་ཡོད་པ་མ་ཟད། མི་རིགས་སྲོལ་རྒྱུན་གྱི་མདའ་འཕེན་རྣམ་གྲངས་ཏེ་སྔོན་ཆད་ཀྱི་རྣམ་གྲངས་གཅིག་ལས་ད་ལྟའི་རྣམ་གྲངས3དུ་ཇེ་མང་དུ་བཏང་ཡོད་པས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཀུན་གྱིས་དོ་སྣང་བྱེད་བཞིན་པའི་ཁྱད་ཆོས་ཅིག་ཡིན། 

 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་གནང་བཞིན་པ།

      གླེང་འོས་པ་ཞིག་ནི་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་མཛད་སྒོའི་ཇུས་འགོད་དང་མཚོན་རྟགས། བརྗོད་དོན་གླུ་དབྱངས་སོགས་གསར་རྩོམ་ཐད་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ནང་དོན་འདུས་ཡོད་ལ། ཧུར་ཐག་སྒོས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་འགྲེམ་སྟོན་བྱས་ཏེ། མི་རིགས་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་སོགས་འགོ་འཇུག་བར་གསུམ་དུ་མངོན་པར་མཚོན་ཡོད།  

   ལོ་བཞིའི་ནང་ཐེངས་གཅིག་ལ་བསྡུ་བཞིན་པའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བའི་སྣ་འཛོམས་རང་བཞིན་གྱི་མི་རིགས་ལུས་རྩལ་བྱ་འགུལ་ཅིག་ཡིན། དེ་ནི་མི་རིགས་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། གྲངས་ཉུང་མི་རིགས་ཀྱི་བདེ་སྐྱིད་འཚོ་བ། སྤྱི་ཚོགས་དཔལ་འབྱོར་བཅས་ཕྱོགས་སོ་སོ་ནས་བླངས་བའི་གྲུབ་འབྲས་འགྲེན་སྟོན་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཀྱང་ཡིན། 

 

     ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་གླིང་ཆེན་ས་བཤགས་དང་མི་རིགས་མདའ་འཕེན། སྦེ་ག སྐྱ་རྩལ། གཡག་རྒྱུག རྐང་རྩེད་སྤོ་ལོ། དྲག་རྩལ། གཟེབ་གྲུག་སོགས་རྣམ་གྲངས་ཆེ་བ10དང་འཁྲབ་སྟོན་རྣམ་གྲངས1། བསྡོམས་པས་རྣམ་གྲངས53འདུས། 

   ཉེ་བའི་ལོ་འགའི་རིང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པའི་བྱ་བའི་ཁྲོད། མཚོ་ལྷོ་ཁུལ་གྱིས“མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱས་ཏེ། མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ”ཞེས་པར་བརྗོད་དོན་དུ་བཟུང་ནས། རིག་རྩལ་བྱ་འགུལ་ཕུན་སུམ་ཚོགས་པ་བསྡུས་ཤིང་གྲུབ་འབྲས་གཡར་དུ་ཟ་བ་བླངས། “མཚོ་ལྷོ་ས་ཁུལ་གྱི་གྱོན་ཆས་རིག་གནས་གནས་སྐོར་དུས་ཆེན”དང ཁྲི་ཀའི་རྨ་ཆུའི་རིག་གནས་གནས་སྐོར་དུས་ཆེན། ཀྲུང་གོ་མཚོ་སྔོན་པོའི་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་སོགས་ས་གནས་རང་བཞིན་གྱི་བྱ་འགུལ་ཆེ་ཤས་སྤེལ་བ་བརྒྱུད། དམངས་སྲོལ་དང་གྱོན་ཆས། ལུས་རྩལ། འགྲེམ་སྟོན། རིག་རྩལ་འཁྲབ་སྟོན་སོགས་རིག་རྩལ་བྱ་འགུལ་རབ་དང་རིམ་པ་ཕྲེང་སྦྲེལ་བྱས་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་ཉིང་བཅུད་དར་སྤེལ་བྱས་ཏེ། ནུས་ཤུགས་ཡོད་དགུས་རིག་གནས་ལུས་རྩལ་བྱ་གཞག་ཁྱོན་ཡོངས་ནས་དར་སྤེལ་དང་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོར་འདེགས། བྱ་བའི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་སོགས་ནུས་ཤུགས་ཡོད་པའི་སྒོ་ནས་འཆམ་མཐུན་མཚོ་ལྷོ་འཛུགས་སྐྲུན་ལ་ཤུགས་བསྣན་པ་རེད། 

 

 

 

རྩོམ་སྒྲིག་པ། (ཚེ།)