དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱི་ཁུལ་དཔོན་དང་པོ་ཟངས་འབུམ་རིན་པོ་ཆེ།
རྩོམ་པ་པོ། ཚེ་དོན་གྱིས་བསྒྱུར། དུས་ཚོད། 2017-08-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 440

ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ནི་སྤྱི་ལོ1899ལོར་ཡུན་ནན་ཞིང་ཆེན་རྒྱལ་ཐང་རྫོང་བྲག་ནག་གྲོང་ཚོར་སྐུ་འཁྲུངས་པ་དང་།  ཡུན་རིང་མ་འགོར་བར་དགའ་ལྡན་སུམ་རྩེན་གླིང་རྡོ་མཁར་ཁམས་ཚན་ནས་ཟུངས་འབུམ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་།    ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྐུ་ན་གཞོན་དུས་དགའ་ལྡན་སུམ་རྩེན་གླིང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་།  འཇང་གི་དགེ་བཤེས་གྲགས་ཅན་བློ་བཟང་ཉི་མ་དགེ་རྒན་དུ་བསྟེན་ནས་བོད་ཡིག་ཀློག་སྦྱོར་དང་ནང་དོན་རིག་པའི་རྨང་གཞིའི་སྐོར་ལ་སྦྱོང་བ་བྱས།  1912ལོར་འབྲས་སྤུངས་དགོན་པའི་སྤོ་ར་ཁམས་ཚན་ཞུགས་ནས་དགེ་སློང་གི་སྡོམ་པ་བཞེས།   ལྷ་སར་སློབ་གཉེར་བྱེད་པའི་བར་སྐབས་སུ་དཀའ་སྤྱད་སྡུག་རུས་ཀྱིས་འབད་པ་ཆེན་པོ་དང་ལྷག་བསམ་རྣམ་དག་གིས་མཁས་པ་མང་པོའི་དྲུང་ནས་ཐོས་བསམ་སྒོམ་གསུམ་ལ་གཅིག་ཏུ་གཞོལ་བས་ཤེས་རྟོགས་ཀྱི་རྒྱ་ཆེ་རུ་ཕྱིན་པ་རེད། 

 

 

བདེ་ཆེན་གྱི་ཁུལ་དཔོན་ཐོག་མ་ཟངས་འབུམ་རིན་པོ་ཆེ།

      ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་ནང་དོན་རིག་པར་སློབ་སྦྱོང་བྱེད་ཞོར་གསོ་བ་རིག་པའི་ཤེས་བྱའི་སྐོར་ལ་ཡང་སྦྱང་བརྩོན་བྱས་པས་གསོ་རིག་གི་དབང་ལུང་ཐོབ།  རིག་པའི་གནས་ལ་སྦྱང་བརྩོན་བྱས་པ་དང་བསྟུན་ནས་སྙན་གྲགས་ཆེ་ཆེར་རྒྱས་པས་ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཉེ་འཁོར་ས་ཁུལ་གྱི་གྲྭ་བཙུན་དང་མང་ཚོགས་ཀྱིས་དད་གནས་སུ་གྱུར་ཡོད།   1921ལོར་ཕྱིར་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དུ་ཕེབས་ནས་དགོན་པའི་གྲྭ་བཙུན་ཡོངས་ལ་ཆོས་དང་སློབ་གསོའི་མན་ངག་གནང་ཞིང་།  དགའ་ལྡན་སུམ་རྩེན་གླིང་གི་མ་དགོན་གསར་འཛུགས་དང་ཕྱི་ར་བསྐོར་བ་སོགས་ཀྱི་འགན་ལེགས་པར་བཞེས། 

      1936ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་རུ་ཁག་གཉིས་པ་དང་དྲུག་པ་རྒྱང་བསྐྱོད་ལམ་དུ་རྒྱལ་ཐང་བརྒྱུད་སྐབས་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་བྲག་ནག་འགོ་བ་སོགས་མི་སྣ་མངགས་ནས་དམར་དམག་ལ་འཚམས་འདྲི་ཞུས་ཤིང་དམག་དཔོན་ཧེ་ལུང་སོགས་སུམ་རྩེན་གླིང་དུ་ཕེབས་པར་གདན་འདྲེན་ཞུས།   ཧེ་ལུང་གིས་གདན་ཞུ་དང་ལེན་བྱས་ཏེ་དགོན་པ་ལ་དར་དམར་པོའི་ཐོག་ལ་བོད་ལ་དར་རྒྱས་གཏོང་བ་ཞེས་བྲིས་ཡོད་པའི་འགེལ་བྱང་ལེགས་སྐྱེས་གནང་།  དམར་དམག་གི་རེ་འདུན་ལྟར་དགའ་ལྡན་སུམ་རྩེན་གླིང་ནས་འབྲུ་མཛོད་གསུམ་གྱི་ཁ་ཕྱེས་ཏེ་དམར་དམག་རྣམས་ལ་འབྲུ་རིགས་རྒྱ་མ་ཁྲི6ལྷག་གྲ་སྒྲིག་བྱས། 

 

1912ལོར་ལྷ་ས་འབྲས་སྤུངས་དགོན་དུ་སློབ་གཉེར་བྱེད་དུས་ཀྱི་འདྲ་པར།

     1950ལོའི་ཟླ10པར་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ས་དམ་ཀྲོན་ཆུས་མཉམ་འབྲེལ་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱུང་བ་དང་།  1952ལོའི་ཟླ2པར་ས་དམ་ཀྲོན་ཆུས་ཀྱི་ཀྲོན་ཡོན་གཞོན་པར་བསྐོས།  1954ལོར་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལ་བདམས་ཐོན་བྱུང་ཞིང་།   པེ་ཅིན་ནས་གྲོས་ཚོགས་ལ་ཞུགས་སྐབས་བློ་མཐུན་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ།   ཀྲུའུ་ཏེ།  ལོའུ་ཧྲའོ་ཆི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཇལ་འཕྲད་གནང་བ་རེད།  

 

 ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག

      1954ལོའི་ཟླ12པར་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས་ཤིང་།   འཛུགས་གྲབས་ཡོད་པའི་རང་སྐྱོང་ཁུལ་གྱི་མིང་ལ་བདེ་ཆེན་ཞེས་བཏགས་ནས་ཁོང་གིས་རང་གི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད་ལ།   ཕ་ཡུལ་འདི་ཉིད་འཆམ་མཐུན་དང་བརྟན་བརླིང་།  འབྱོར་ཕྱུག་ལྡན་པའི་རེ་སྨོན་བཅངས་ཡོད།  

 

དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ་འགའ་དང་མཉམ་དུ་བསྐྱོན་པའི་པར།

     1956ལོར་ཞི་བའི་གྲོས་མོལ་བསྒྱུར་བཅོས་འགོ་བརྩམས་རྗེས།   ཁམས་ཁུལ་གྱི་གནས་ཚུལ་ཡང་ཛ་དྲག་ཅན་དུ་གྱུར་བ་དང་།  ས་གནས་ཁག་གི་ངོ་ལོག་ཟིང་འཁྲུག་སྟོབས་ཤུགས་ཀྱིས་སུམ་རྩེན་གླིང་དུ་འཕྲིན་ཡིག་བཏང་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པར་བསྐུལ་ཡང་ཁོང་གིས་གནས་ཚུལ་འདི་དག་ཇི་མ་ཇི་བཞིན་དུ་ཀྲུང་གུང་ས་དམ་ས་གནས་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་ཨུ་ལྷན་ཕྱོགས་ལ་སྙན་ཞུ་ཕུལ་ནས་ས་གནས་བདེ་འཇགས་བརྟན་བརླིང་ཐད་རང་གི་ནུས་པ་ཕུལ་ཡོད།

 

1956ལོར་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་འཛུགས་བྱས་པའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་བཙུགས་ནས་རྟེན་འབྲེལ་ཞུ་སྐབས་བླངས་པའི་པར།

 

1957ལོའི་ཟླ9པར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་སུ་དབུ་བརྙེས་པ་དང་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་རང་སྐྱོང་ཁུལ་གྱི་ཁུལ་དཔོན་དང་པོར་གདམས་པ་རེད།   སྔ་ཕྱིར་དུ་ཡུན་ནན་ཞིང་ཆེན་གྱི་དམངས་ཆེན་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སོགས་ཀྱི་འགན་བཞེས་ཡོད།  1963ལོར་རྒྱལ་ཐང་རྫོང་དུ་ལོ་རྒྱུས་ཐོག་ཐེངས་དང་པོར་བསྐྲུན་པའི་ཆུ་གློག་འདོན་ཚིགས་ཤིག་བཙུགས་པ་དང་ཁོང་གིས་རང་ཉིད་ཀྱིས་ལོ་ངོ་དུ་མའི་རིང་གསོག་ཉར་བྱས་པའི་མི་དམངས་ཤོག་སྒོར་ཁྲི2པོ་ཡང་ཆུ་གློག་འདོན་ཚིགས་འཛུགས་སྐྲུན་གྱི་ཕྱོགས་སུ་ཕུལ་བ་རེད། 

 

ཁོང་ཉིད་འཚོ་བཞུགས་སྐབས་ཆེས་མཐའ་མར་བསྐྱོན་པའི་འདྲ་པར།

     1967ལོའི་རིག་གནས་གསར་བརྗེའི་སྐབས་སུ་དམ་པ་ཁོང་ཉིད་ལ་ནོར་འཁྲུལ་མནར་གཅོད་ཐེབས་ཤིང་ལོ་དེའི་ཟླ6པར་སྐུའི་དགོངས་པ་རྫོགས།   1986ལོའི་ཟླ5པར་བདེ་ཆེན་ཁུལ་གྱིས་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ལ་དཀར་འདོན་དག་སེལ་བྱས་ནས་དགའ་ལྡན་སུམ་རྩེན་གླིང་དུ་སྐུ་གདུང་མཆོད་རྟེན་བཞེངས་པའི་མཛད་སྒོ་རྒྱ་ཆེན་པོ་ཞིག་བསྡུས་པ་རེད།  

 

ཟངས་འབུམ་རིན་པོ་ཆེ་མཆོག་དགའ་ལྡན་སུམ་རྩེན་གླིང་གི་དགོན་བདག་ཡིན། པར་འདི་ནི་ཉེ་ཆར་གྱི་དགའ་ལྡན་སུམ་རྩེན་གླིང་གི་པར་ཡིན།

 

རྩོམ་སྒྲིག་པ། (ཚེ།)