དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
བོད་ཀྱི་ཡིག་གཟུགས་སྒྱུ་རྩལ།
རྩོམ་པ་པོ། ཚེ་རིང་། དུས་ཚོད། 2017-08-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 233

 ཡོངས་སུ་གྲགས་པ་ལྟར་སློབ་དཔོན་ཐོན་མིས་བོད་ཡིག་གསར་དུ་བཟོས་ནས་ད་ལྟའི་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་འགོར་ཡོད་ཅིང་།   བོད་ཡིག་དར་བ་ནས་བཟུང་སྤྱི་ཚོགས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་དུ་སྔོན་བྱོན་མཁས་པ་རྣམས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་དང་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་ཡིག་གཟུགས་སྣ་ཚོགས་འབྲི་བའི་རིག་ལམ་གསར་གཏོད་བྱས་ཡོད། 
 དེང་སང་ཡང་སློབ་གྲྭ་ཆུང་འབྲིང་ཁག་ཏུ་མེས་པོའི་རིང་ནས་བརྒྱུད་ཡོང་བའི་ཡིག་གཟུགས་འབྲི་སྦྱོང་སྐོར་གྱི་སློབ་ཁྲིད་བྱེད་ཀྱི་ཡོད། དམངས་ཁྲོད་དུ་ཡང་དབུ་ཅན་དང་དབུ་མེད་གཉིས་གཙོ་བྱས་ཏེ་རང་གི་ཤེས་རབ་དང་ཐབས་ལམ་ལ་བརྟེན་ནས་ཡིག་གཟུགས་ཀྱི་སྒྱུ་རྩལ་རྣམ་པ་སྣ་ཚོགས་གསར་གཏོད་བྱེད་མཁན་མང་པོ་ཡོད་ཅིང་། དེ་ལ་ཀུན་གྱིས་དགའ་བསུ་དང་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད།  བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཡང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།   ངས་བསམ་ན་ཡིག་གཟུགས་ལས་བོད་མིའི་སེམས་ཁམས་དང་གོམས་གཤིས།  རིག་གནས། དུས་རབས་ཀྱི་འཕེལ་འགྱུར།  སྒྱུ་རྩལ་གྱི་རྣམ་པ་སོགས་མཚོན་ཐུབ་པར་འདོད།   
 ཉེ་བའི་ལོ་འགའི་རིང་ལ་གློག་ཀླད་སྟེང་སྤྱད་ཆོག་པའི་བོད་ཀྱི་ཡིག་གཟུགས་ཀྱང་སྣ་ཚོགས་ཤིག་བྱུང་་ཡོད་ཅིང་། མཉེན་ཆས་དང་མཉམ་འབྲེལ་སྒོས་ཡིག་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་ཅི་རིགས་པ་གསར་བཞེངས་བྱས་ཆོག་པ་རེད།    
 ཡིག་གཟུགས་འབྲི་སྦྱོང་བྱས་ན་རང་གི་མི་རིགས་ཀྱི་རིག་གནས་སྐོར་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་མ་ཟད།   ད་དུང་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་གོ་རིམ་འདི་ནི་ལུས་སེམས་བདེ་ལ་འབབ་པའི་ཐབས་མཆོག་ཅིག་ཀྱང་ཡིན་ཚུལ་བཤད་ཡོད།   ཡིག་གཟུགས་འབྲི་སྦྱོང་གི་གོ་རིམ་ཁྲོད་ནས་རང་ལ་ཐབས་དང་ཤེས་རབ་དང་སྤོབས་པ་ཡང་འཕེལ་ཐུབ་ཀྱི་ཡོད། 
 ཡིག་གཟུགས་སྒྱུ་རྩལ་ནི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས།  ང་ཚོ་མི་ཚང་མར་རིག་གནས་སྣ་མང་སློབ་སྦྱོང་དང་འབྲེལ་འདྲིས།  རྒྱུན་འཛིན།  དར་སྤེལ་གཏོང་བའི་འགན་འཁུར་ལྡོག་ཏུ་མེད་པ་ཞིག་ཡོད་དོ། །  

རྩོམ་སྒྲིག་པ། (ཚེ་རིང་།)