དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
སློབ་གསོ་པུའུ་ཡིས་དྲ་ཐོག་བུན་གཏོང་ལས་ཁུངས་གང་ཞིག་གིས་ཀྱང་སློབ་ཆེན་སློབ་མར་དངུལ་བུན་བཏང་མི་ཆོག་ཅེས་བསྟན་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-08 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1359

    མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི་ནོར་སྲིད་སིའི་སི་ཀྲང་གཞོན་པ་ཀྲའོ་ཅན་ཅུན་གྱིས་སློབ་གསོ་པུའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་སློབ་གྲྭའི་ནང་གི་བུན་གཏོང་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་ཡིག་ཆར་གཞིགས་ན།དྲ་ཐོག་བུན་གཏོང་ལས་ཁུངས་གང་ཞིག་གིས་ཀྱང་སློབ་ཆེན་སློབ་མར་དངུལ་བུན་བཏང་མི་ཆོགསློབ་མ་ཚོའི་དངུལ་རྩའི་འཛད་སྤྱོད་དགོས་མཁོ་སྐོང་ཆེད།དངོས་གཞིའི་ཚོང་ལས་དངུལ་ཁང་གིས་སློབ་ཆེན་སློབ་མར་དམིགས་པའི་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བའི་ལས་སྒོ་གཉེར་བར་བསྔགས་སྐུལ་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།

    སློབ་གསོ་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ་སློབ་གསོ་པུའུ་ཡི་ནོར་སྲིད་སིའི་སི་ཀྲང་གཞོན་པ་ཀྲའོ་ཅན་ཅུན་སོགས་གདན་འདྲེན་ཞུས་ནས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སློབ་མ་ཚོར་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་བཙུགས་ཚུལ་དང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ངོ་སྤྲོད་བྱེད་དུ་བཅུག་པ་དང་།སློབ་གསོ་པུའུ་ཡི་གསར་འགྱུར་གཏམ་བཤད་པ་ཞུས་མེ་ཡིས་ཁྱབ་བསྒྲགས་ཚོགས་འདུར་གཙོ་སྐྱོང་བྱས་པ་རེད།

    གསར་འགོད་པ་ཞིག་གིས་དྲི་བར།ཉེ་བའི་ལོ་གཉིས་ཀྱི་རིང་ལ།སློབ་ཆེན་སློབ་མ་ཁ་ཤས་འཛད་སྤྱོད་བྱས་ཚད་ཧ་ཅང་ཆེ་བས་སློབ་གྲྭའི་ནང་གི་དངུལ་བུན་ལེན་པའི་གཡོ་ཐབས་ནང་ཚུད་པ་དང་།ཐ་ན་སློབ་མ་འགའ་ཤས་དེའི་རྐྱེན་གྱིས་རང་ལྕེབས་པ་རེད།སློབ་གསོ་པུའུ་ལ་སློབ་མ་ཚོའི་འཛད་སྤྱོད་བྱས་ཚུལ་འདི་རིགས་དང་ད་ལྟ་གནས་པའི་གནད་དོན་ཐག་གཅོད་བྱ་ཐབས་ཡོད་དམ།

    ཀྲའོ་ཅན་ཅུན་གྱིས་ཐོག་མར་སློབ་མས་དངུལ་བུན་བླངས་རྗེས་སློབ་གྲྭའི་ནང་གི་དངུལ་བུན་ལེན་པའི་གཡོ་ཐབས་ནང་ཚུད་པའི་རྒྱུ་མཚན་གང་ཡིན་གྱི་སྐོར་ལན་བཏབ་པ་སྟེ།ཁོང་གིས་དེ་ནི་དངུལ་བུན་བླངས་རྗེས་སྐྱེད་ཀ་སྤྲོད་གྲངས་ཧ་ཅང་མང་བའི་རྐྱེན་གྱིས་རེད།འོ་ན་སྐྱེད་ཀ་འདི་འདྲ་མང་ནའང་སློབ་མ་ཚོས་ད་དུང་དངུལ་བུན་འདི་ལེན་པའི་རྒྱུ་མཚན་གང་ཡིན་ཟེར་ན།དེ་ནི་དྲ་ཐོག་སྟེགས་བུའི་ལས་ཁུངས་ཞེས་པ་ཧ་ཅང་མང་པོས་དྲིལ་བསྒྲགས་བྱེད་པའི་ཐད་དྲང་བདེན་མིན་པའི་དྲིལ་བསྒྲགས་དང་གཡོ་ཟོལ་དྲིལ་བསྒྲགས་བྱས་ཏེ།སློབ་མ་ཚོར་དངུལ་བུན་འདི་རིགས་ལེན་པར་ཧ་ཅང་སྟབས་བདེ་ཞིང་ཧ་ཅང་ཁེ་བ་རེད་ཅེས་བཤད་པས།སློབ་མ་ཚོ་གནས་ཚུལ་འདི་རིགས་འོགདངུལ་རྩའི་སྐོར་གྱི་ཤེས་བྱ་ད་དུང་ཕུན་སུམ་ཚོགས་པོ་མེད་པས།དངུལ་བུན་བླངས་མཐར་སྐྱེད་མཐོའི་དངུལ་བུན་ཆགས་པ་དང་།སྐྱེད་ཀའི་ཐོག་སྐྱེད་ཀ་བརྩེགས་ནས་སློབ་མ་འགའ་རེ་དངུལ་བུན་འཇལ་མི་ཐུབ་པའི་གནས་སུ་གྱར་བ་རེད།སྤྱི་ཚོགས་ཐོག་གི་དྲ་ཐོག་བུན་གཏོང་ལས་ཁུངས་ངན་པ་དེ་དག་གིས་གཡོ་ཟོལ་དྲིལ་བསྒྲགས་བྱས་ནས་སློབ་མ་ཚོ་བསླུ་བྲིད་བྱས་པ་ལས་སྣང་ཚུལ་འདི་རིགས་བྱུང་བ་རེད་ཅེས་བརྗོད་པ་རེད།

    ཀྲའོ་ཅན་ཅུན་གྱིས་སློབ་མ་ཚོའི་དངུལ་རྩའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བའི་ཆེད་དུ་དངོས་གཞིའི་ཚོང་ལས་དངུལ་ཁང་གིས་སློབ་ཆེན་སློབ་མ་ཚོར་དམིགས་པའི་གྲངས་ཉུང་ཡིད་རྟོན་དངུལ་བུན་གཏོང་བར་བསྔགས་སྐུལ་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།ཁོང་གིས་ཤེས་རྟོགས་བྱུང་བར་གཞིགས་ན།དངུལ་ཁང་མང་པོ་དཔེར་ན།ཀྲུང་གོ་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་སོགས་ཀྱིས་ལས་སྒོ་འདི་གཉེར་འགོ་བརྩམས་པ་རེད།དེ་དང་དུས་མཚུངས་སུ་སློབ་གསོ་པུའུ་ཡིས་ད་དུང་མཐོ་སློབ་ཁག་གིས་སློབ་མ་ཚོར་སློབ་གསོ་ཡག་པོ་ནན་ཏན་བྱས་ནས་སློབ་མ་ཚོར་དངུལ་རྩའི་སྐོར་གྱི་ཤེས་བྱའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གྲྭའི་ནང་ཚུལ་མིན་དངུལ་བུན་ལེན་པར་ཉེན་བརྡ་གཏོང་བའི་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མ་ཚོ་མགོ་སྐོར་བསླུ་བྲིད་འོག་ཏུ་མི་ཚུད་པའི་སྣེ་ཁྲིད་བྱ་དགོས་པའི་བླང་བྱ་བཏོན་པ་རེད།