དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
ཡུན་ནན་གྱིས་བོད་ཡིག་གི་དཔེ་རྙིང་རལ་སྐྱོན་ཤོར་བ་ཁག་གཅིག་ཉམས་གསོ་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-22 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 242

      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ཆ་དཔེ་རྙིང་ཉམས་གསོ་བྱེད་མཁན་གྱིས“ནགས་སྒོར་རའི་གཏེར་ཆོས་ཕུག”གི་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་སླར་གསོའི་ལས་ཀ་དངོས་སུ་བསྒྲུབས་ནས་རལ་སྐྱོན་ཤོར་བའི་ཤོག་ལྷེ་1860ལྷག་ཉམས་གསོ་བྱས་པས་བོད་ཡིག་དཔེ་རྙིང་གི“སྔར་ཡོད་རྣམ་པ་ཇི་བཞིན”སླར་གསོ་བྱུང་ཡོད་པ་རེད།
     ཡུན་ནན་ཞིང་ཆེན་ལ་དཔེ་རྙིང་སྣ་ཚོགས་ཁྲི་བརྒྱ་ལྷག་ཉར་ཚགས་བྱས་ཡོད་ཅིང་། བོད་ཡིག་གི་དཔེ་རྙིང་གཙོ་བོ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡོད་པའི་ནང་། “ནགས་སྒོར་རའི་གཏེར་ཆོས་ཕུག”ཏུ་བོད་ཡིག་གི་དཔེ་རྙིང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། 2010ལོར་ཤེས་རྟོགས་བྱུང་རྗེས་ཤོག་ལྷེ་སྟོང་ལྷག་སྔོག་འདོན་བྱུང་བའི་ཕལ་ཆེ་བར་རལ་སྐྱོན་ཆེན་པོ་ཤོར་ཡོད་པ་དང་། 2014ལོར་ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་གིས་རལ་སྐྱོན་ཤོར་བའི་དཔེ་རྙིང་དེ་དག་ཉམས་གསོ་བྱེད་འགོ་བཙུགས་པ་རེད།
      ཡུན་ནན་ཞིང་ཆེན་དཔེ་རྙིང་ཉམས་གསོའི་རིགས་གཅིག་མཁས་པ་དབྱང་ལིས་ཆུན་གྱིས་ངོ་སྤྲོད་བྱས་དོན། བོད་ཡིག་གི་དཔེ་རྙིང་མེས་ཚིག་པ་ཡོད་ཀྱང་འབུས་བཟས་པ་ཉུང་ཉུང་ཡིན། སྔོན་མའི་མིས་རལ་སྐྱོན་ཤོར་བ་ཉམས་གསོ་བྱེད་ཐབས་དག་ངེས་པར་སྤྱོད་དགོས། དཔེ་རྙིང་རལ་སྐྱོན་ཤོར་བ་ཉམས་གསོའི་སྤུས་ཚད་འགན་ལེན་བྱ་ཆེད། ཡུན་ནན་ཞིང་ཆེན་གྱི་དཔེ་རྙིང་རལ་སྐྱོན་ཤོར་བ་ཉམས་གསོ་མཁན་གྱིས་དེ་གར་སྐྱེ་བའི་ཤོག་བུ་བཟོ་བའི་རྒྱུ་ཆ་དུག་རེ་ལྕག་སོགས་བཙལ་ནས་སྤྱོད་གོ་ཆོད་པའི་སླར་གསོའི་ཇུས་གཞི་གསར་པ་ཞིབ་འཇུག་བྱས་པར་རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ཁས་ལེན་ཐོབ་ཡོད།
     “ནགས་སྒོར་རའི་གཏེར་ཆོས་ཕུག”གི་བོད་ཡིག་དཔེ་རྙིང་ཉམས་གསོའི་ལས་དོན་བསྒྲུབས་པ་ཕུད། ད་ཆ་ཡུན་ནན་ཞིང་ཆེན་གྱིས་ཤོག་ལྷེ་14000ལྷག་ཟིན་པའི་དབྱི་རིགས་ཡི་གེའི་དཔེ་རྙིང་རལ་སྐྱོན་ཤོར་བ་ཉམས་གསོ་ཐུབ་ཡོད་ཅིང་། གོམ་སྟབས་རྗེས་མར། དཔེ་རྙིང་སླར་གསོའི་རིགས་གཅིག་མཁས་པས་འཇང་རིགས་ཀྱི་དཔེ་ཆར་མྱུར་སྐྱོབ་ངང་ཉམས་གསོ་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 

རྩོམ་སྒྲིག་པ། (ཚེ།)