དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བོད་ཀྱི་ལོ་རྒྱུས།
འཛམ་གླིང་དུ་མཐོང་དཀོན་པའི་སྟག་ལྤགས་ཀྱི་སོག་གུར་ཞིག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་ན་ཉར་ཚགས་བྱས་ཡོད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-27 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 154

    སྤྱི་ཟླ་8ཚེས་29ཉིན་གྱི་ཕྱི་དྲོར།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དགའ་བས་བསུ་བའི་བཅར་འདྲིའི་བྱེད་སྒོ་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་སི་ཁྲོན་བརྒྱུད་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ཐིག་གི་བཅར་འདྲི་ཚོགས་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་དུ་འབྱོར།

    དར་རྩེ་མདོ་ནས་ཡར་སོང་བའི་སྤྱི་ལེ་བཅུ་གྲངས་ལྷག་གི་མཚམས་ན་དར་མདོའི་གྲོང་ཁུལ་གསར་པ་ཡོད་པ་དང་།གནས་དེར་གསར་དུ་བསྐྲུན་པའི་དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་དེ་ནི་གནའ་རྫས་དང་དེང་རབས་ཚན་རྩལ་ཟུང་ལྡན་གྱི་དངོས་མང་བཤམས་སྟོན་ཁང་ཡ་མཚན་པ་ཞིག་ཡིན་ཏེ།དེའི་ནང་དུ་ཇ་རྟའི་ལོ་རྒྱུས་དང་དམངས་སྲོལ་རིག་གནས།རང་བྱུང་གི་བཀོད་པ་དང་གཅན་གཟན་དང་རི་དྭགས།མི་རིགས་ཀྱི་རྒྱན་གོས་དང་ལག་ཤེས་བཟོ་ལས་སོགས་ཀྱི་ནང་དོན་སྣ་ཚོགས་ཡོད་ཅིང་།འགྲེམས་སྟོན་ཐབས་ཀྱི་ཆ་ནས་དེང་རབས་ཀྱི་རྫས་འཕྲུལ་དང་ཚན་རྩལ་ལག་ཐབས་ཆེས་སྔོན་ཐོན་ཅན་རྣམས་སྤྱད་ཡོད་པས།མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་འགྲོ།

    དངོས་མང་བཤམས་སྟོན་ཁང་འདི་ནི་2016ལོའི་ཟླ་8ཚེས་9ཉིན་དངོས་སུ་སྒོ་ཕྱེས་པའི་གནས་ཚུལ་འབྲེལ་ཡོད་མི་སྣའི་ཁ་ནས་གོ་ཐོས་བྱུང་བ་དང་།ད་སྐབས་དངོས་མང་བཤམས་སྟོན་ཁང་དུ་རིག་དངོས་ཁྱོན་བསྡོམས་1446ཡོད་ཅིང་།དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་10དང་།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་22ཡོད་ལ།རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་683དང་།རྒྱུ་ཆ་རིམ་པའི་རིག་དངོས་731བཅས་ཡོད།

    བཤམས་སྟོན་ཁང་འདིར་ཉར་ཚགས་བྱས་པའི་གནའ་རྫས་དང་རིག་གནས་ཤུལ་བཞག་མང་པོའི་གྲས་ནས།འཛམ་གླིང་ཐོག་མཐོང་དཀོན་པའི་སྟག་ལྤགས་ཀྱི་སོག་གུར་གཅིག་པོ་དེས་ལྟ་སྐོར་བའི་མིག་དབང་ཡོངས་སུ་འཕྲོགས་སོང་།ཆ་རྒྱུས་བྱུང་བ་ལྟར་ན།སྟག་ལྤགས་ཀྱི་སོག་གུར་དེ་ནི་གུ་ཤྲི་བསྟན་འཛིན་ཆོས་རྗེ་ཡིས་ལི་ཐང་དགོན་པར་གནང་བའི་རིག་དངོས་རྩ་ཆེན་ཞིག་ཡིན་པ་དང་།མི་ཉག་རྒྱལ་པོས་དུས་ཡུན་རིང་པོ་ཞིག་ཆོས་སྲིད་ཀྱི་འཕྲིན་ལས་སྐྱོང་བར་བཀོལ་སྤྱོད་བྱས་མྱོང་ཡོད་འདུགད་ལྟའི་བར་ལོ་ངོ་400ཙམ་གྱི་ལོ་རྒྱུས་ལྡན་ཡོད་ཅིང་།སྟག་ལྤགས་100ལྷག་གིས་བཟོས་པ་དང་།གུར་གྱི་འདབས་སུ་སྲམ་དང་དོམ།གཟིག་སོགས་ཀྱི་པགས་པས་བརྒྱན་ཡོད།

    ལོ་རྒྱུས་ཀྱི་དུས་སྐབས་གཞིར་བཟུང་ནས་བཤད་ན།པགས་གུར་དེ་བཟོ་བའི་དུས་ནི་དགའ་ལྡན་ཕོ་བྲང་སྐབས་ཀྱི་བོད་དང་སོག་པོ་འབྲེལ་འདྲིས་ཆེས་ཟབ་པའི་དུས་ལ་འཁེལ་བ་དང་།གུར་གྱི་དབྱིབས་ནི་གོར་གོར་ཡིན་པས་ཕར་བལྟས་ན་སོག་གུར་ཞིག་ཡིན་པ་མཐོང་ཐུབ་པར་མ་ཟད།ད་དུང་དེའི་མཐའ་བསྐོར་ན་འགྲོན་བུས་བཟོས་པའི་བཀྲ་ཤིས་པའི་རི་མོ་སོགས་ཀྱང་བཀོད་ཡོད་པ་དང་།བཟོ་རྩལ་ཞིབ་ཅིང་མིག་ལ་མཛེས་པ་ཙམ་དུ་མ་ཟད།དཔལ་འབྱོར་གྱི་རིན་ཐང་ཡང་གཞལ་དུ་མེད་པ་ཞིག་ལྡན་ཡོད་པ་ངང་གིས་རྟོགས་ཐུབ།ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་རྡོ་རྗེ་ཡིས་ཁམས་དར་རྩེ་མདོ་ནས་བསྐུར།

 

 

རྩོམ་སྒྲིག་པ། (གཡང་མཚོ།)